མཉམ་འབྲེལ་རྒྱལ་ཚོགས་ནས་༧སྐུའི་ཡང་སྲིད་སྐོར་ལ་གྲོས་མོལ་བྱ་རྒྱུར་ཨ་རིའི་ཕྱོགས་ནས་རེ་སྐུལ་ཞུས་འདུག
2019.11.11

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་Sam Brownback་ཉེ་ཆར་རྡ་རམ་ས་ལ་དང་། བལ་ཡུལ་ལ་ཕེབས་ནས་ཚུར་ཨ་རིའིི་ནང་ཕེབས་ནས་AFPགསར་ལས་ཁང་གིས་བཅའ་འདྲི་སྐབས་སུ་གསུངས་པ་ཞིག་རྒྱ་གར་གྱི་The Tribune ཞེས་པའི་གསར་ཤོག་ནས་ལུང་འདྲེན་གནང་དོན། ངས་རེ་བ་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་གནད་དོན་ཐད་ལ་ཐེ་གཏོགས་ཡོང་རྒྱུ་དང་། དེ་ཡང་ཏཱ་ལའི་བླ་མ་མཆོག་ནི་རྒྱལ་སྤྱིའི་ཐོག་ནུས་པ་ཐོན་མཁན་གྱི་མི་སྣ་ཞིག་ཡིན་དུས་སྔ་ས་ནས་རྒྱལ་སྤྱིའི་ཐོག་ཐུགས་འཁུར་བཞེས་ནས་གླེང་མོལ་གནང་རྒྱུ་དེ་གལ་འགངས་ཆེན་པོ་ཞིག་རེད་ཅེས་གསུངས་འདུག
གཟའ་ཟླ་བའི་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Geng Shuang གྱིས་ཆར་ཅན་གསར་འགོད་ལྷན་ཚོགས་ཐོག་བཅར་འདྲི་དང་ལན་སྐབས། ཨ་མི་རི་ཀའི་ངོས་ནས་ཆོས་དད་རང་དབང་ལ་ཁ་གཡོག་ཏེ་བོད་ཀྱི་གནད་དོན་མཉམ་འབྲེལ་རྒྱལ་ཚོགས་ནང་གླེང་སློང་བྱེད་རྩིས་བྱེད་བཞིན་པ་དེ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་ཡིན་པ་དང་། འདི་ལྟ་བུའི་བྱ་སྤྱོད་ལམ་ལྷོང་འགྲོ་ཡི་མ་རེད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་དེར་ངོས་ལེན་བྱེད་ཀྱི་མ་རེད། དེ་འདྲ་ཡིན་དུས་ཨ་རིའི་བྱ་སྤྱོད་དེར་ང་ཚོས་མཐའ་ཅིག་ཏུ་ངོ་རྒོལ་ཡོད་ཅེས་ཁོང་ཁྲོ་དང་བཅས་འགྲེལ་བརྗོད་བྱེད་ཡོད་འདུག
མགྲིན་ཚབ་པ་གྷེང་ཧྲོང་གིས་གོང་དུ་ལན་འདེབས་བྱས་པའི་གནད་དོན་དེ་ནི་འདས་པའི་བདུན་ཕྲག་དེའི་ནང་། ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གི་སྤྱི་ཁྱབ་སྐུ་ཞབས་ Sam Brownback མཆོག་ནས་ཨེ་ཨེཕ་པི་གསར་འགོད་པས་བཅར་འདྲི་དང་ལེན་སྐབས་། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་རྒྱལ་སྤྱིའི་ནང་གུས་བཀུར་ཞུ་ཡུལ་དང་། ནུས་ཤུགས་ཆེན་པོ་ཡོད་པའི་སྐྱེས་བུ་དམ་པ་ཞིག་ཡིན་སྟབས། རྒྱ་ནག་གཞུང་གིས་གིས་དེའི་ཐོག་མ་འོངས་བྱེད་འཆར་གྲ་སྒྲིག་ཡོད་པ་གཞིར་བཟུང་། ང་ཚོའི་ངོས་ནས་ཀྱང་དེར་གཞིགས་པས། གལ་སྲིད་ཁོང་ལྟ་བུ་སྐུ་འཚོ་བཞུགས་མེད་པའི་དུས་ཚོད་མ་ཤར་བའི་གོང་ལ་མ་འོངས་བྱེད་འཆར་སྐོར་གླེང་སློང་གནང་དགོས་ཀྱི་ཡོད་པར་བརྟེན་གནད་དོན་འདིའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ལྟ་བུས་སྔོན་ཚུད་ནས་དགོངས་པ་བཞེས་པའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད་ལ། དེའི་གོང་ཁོང་ཆེད་དུ་མངགས་ནས་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་ཞུས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་གནང་བའི་སྐབས་སུའང་༸སྐུའི་ཡང་སྲིད་སྐོར་གླེང་སློང་ཞུས་ཡོད་པ་རེད།།