ཤིན་ཅང་དུ་རྒྱ་དམག་གིས་ཡུ་གུར་མིར་མེ་མདའ་བརྒྱབ་པ།
2009.07.13
༄༅༎ཤིན་ཅང་གི་རྒྱལ་ས་ཨུ་རུམ་ཆི་ནང་ཡུ་གུར་མི་རིགས་དང་རྒྱ་མིའི་དམག་མིའི་བར་གོ་མཚོན་བེད་སྤྱོད་བྱས་པའི་དོན་རྐྱེན་ཞིག་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་ཡུ་གུར་མི་གཉིས་ཀྱིས་ཁོང་ཚོའི་མི་རིགས་ཡིན་པའི་མི་གསུམ་གྱིས་གྲི་དང་རྒྱུགས་པ་འཁྱེར་ནས་རྒྱ་མིའི་དམག་མིར་ཞུ་སྐབས་དམག་མིས་ཁོང་ཚོར་མེ་མདའ་རྒྱབ་པ་མཐོང་བྱུང་ཞེས་གོང་ཞུས་ཡུ་གུར་མི་རིགས་གཉིས་དེས་བརྗོད་ཡོད་པ་རེད།
དོན་རྐྱེན་དེ་བྱུང་སར་གནས་སྡོད་བྱེད་མཁན་སྨན་པ་ཞིག་གིས་མེ་མདའི་སྒྲ་སྐད་བཅུ་ཙམ་ཞིག་དང་དེ་རྗེས་སྒྲ་སྐད་ཆེན་པོ་དེ་འདྲ་འགའ་ཤས་གོ་ཐོས་བྱུང༌།དེ་རྗེས་མི་མང་པོ་ཞིག་ཕར་རྒྱུགས་ཚུར་རྒྱུགས་བྱེད་པ་མཐོང་བྱུང་ཞེས་གསུངས་འདུག
དོན་རྐྱེན་དེ་བྱུང་སའི་ས་ཁུལ་དེ་རྗེས་སུ་དྲག་ཆས་སྲུང་སྐྱོབ་མི་སྣས་མཐའ་བསྐོར་བྱས་ནས་སྲུང་སྐྱོབ་བྱས་ཡོད་པ་རེད། ཨེ་ཨེཕ་པི་གསར་འགྱུར་ལས་ཁང་གི་གསར་འགོད་པ་ཞིག་ས་གནས་དེར་བསྐྱོད་སྐབས་དྲག་ཆས་སྲུང་སྐྱོབ་མི་སྣས་ས་གནས་དེ་ཉེན་ཁ་ཆེ་བས་དེ་ནས་བསྐྱོད་དགོས་སྐོར་བཤད་ཡོད་པ་རེད། རྒྱ་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཉེ་སྔོན་ཕྱི་ཚེས་ལྔ་ཉིན་ཤིན་ཅང་གི་རྒྱལ་ས་ཨུ་རུམ་ཆི་ནང་ནང་ངོ་རྒོལ་སྐད་འབོད་བྱུང་རྗེས་དྲག་ཟིང་གི་གནས་ཚུལ་བྱུང་སྐབས་མི་གྲངས་༡༨༤ཡི་ཚེ་སྲོག་ཤོར་བ་དང་མི་གྲངས་༡༦༨༠ལ་རྨས་སྐྱོན་ཕོག་སྐོར་ཕྱི་བསྒྲགས་བྱེད་ཀྱི་ཡོད་ནའང་ཤིན་ཅང་གི་ཡུ་གུར་མི་རིགས་དང་ཕྱི་རྒྱལ་དུ་གནས་སྡོད་བྱེད་མཁན་ཡུ་གུར་མི་རིགས་ཚོས་སྲོག་སྐྱོན་དང་རྨས་སྐྱོན་དེ་མིན་དོ་དམ་འཛིན་བཟུང་བྱས་པའི་མི་གྲངས་དེ་གོས་ཞུས་ལས་ཆེས་མང་བ་ཡོད་སྐོར་གླེང་གི་ཡོད་པའི་གནས་ཚུལ་ཐོན་བཞག།