སུད་སི་གཞུང་གིས་སུད་སི་ནང་གནས་སྡོད་བོད་མི་དང་ཡུ་གུར་བའི་ཐོག་རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་བའི་དྲག་གནོན་བྱེད་བཞིན་ཡོད་པ་ངོས་འཛིན་གནང་འདུག

2025.02.14
སུད་སི་གཞུང་གིས་སུད་སི་ནང་གནས་སྡོད་བོད་མི་དང་ཡུ་གུར་བའི་ཐོག་རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་བའི་དྲག་གནོན་བྱེད་བཞིན་ཡོད་པ་ངོས་འཛིན་གནང་འདུག སུད་སིར་བོད་མི་ཚོས་ངོ་རྒོལ་ལས་འགུལ་ཞིག་གི་སྐབས། ༼ཟླ་ཚེས་མི་གསལ
Tibet Bureau, Geneva

དེ་ཡང་སྤྱི་ཟླ་༢་ཚེས་༡༢ཉིན་སུད་སི་གཞུང་གིས་སུད་སི་ནང་གི་བོད་མི་དང་ཡུ་གུར་བ་གཉིས་ཀར་རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་བའི་དྲག་གནོན་འདྲ་མིན་བྱས་བའི་འོག་དཀའ་ངལ་འཕྲད་བཞིན་ཡོད་པའི་གནས་སྟངས་ཞིབ་འཇུག་སྙན་ཐོ་བཏོན་ནས་གཞུང་འབྲེལ་གྱིས་ངོས་འཛིན་གནང་འདུག
སུད་སི་དབུས་གཞུང་གིས་ཤོག་གྲངས་༣༦ཡོད་པའི་ལེའུ་བཅུ་ཅན་གྱི་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་། སུད་སི་ནང་གི་བོད་མི་དང་འབྲེལ་བའི་སྙན་ཐོ་དེའི་ལེའུ་༣ པའི་ནང་དུ་བོད་པ་དང་ཡུ་གུར་བའི་སྐྱབས་བཅོལ་སྲིད་བྱུས་ལ་དབྱེ་ཞིབ་བྱས་པ་དང་། དེ་ནང་དུ་སྐྱབས་བཅོལ་བ་ངོས་འཛིན་དང་ཕྱིར་འབུད་ལག་བསྟར་སྐོར། སུད་སི་རྒྱལ་ཁབ་ནང་གི་བོད་པའི་ཁྲིམས་ཐོག་གི་གནས་བབ་དང་། ལེའུ་༤ པའི་ནང་དུ་རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་དང་། ལྷག་པར་དུ་སུད་སི་ནང་གནས་སྡོད་བོད་མི་དང་ཡུ་གུར་བའི་བཙན་བྱོལ་སྤྱི་ཚོགས་ནང་སོ་ཉུལ་བྱེད་བཞིན་པའི་གནས་སྟངས། ལེའུ་ ༥ པའི་ནང་དུ་སུད་སི་རྒྱལ་ཁབ་ནང་གི་བོད་མི་དང་ཡུ་གུར་བར་རྒྱ་ནག་གི་གནོན་ཤུགས་སྤྲད་ནས་གཞི་རྩའི་ཐོབ་ཐང་ལ་ཚོད་འཛིན་ཡོད་མེད། ལྷག་པར་རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་གནད་དོན་ཐོག་གསལ་སྟོན་གནང་ཡོད་འདུག ལེའུ་༦ པའི་ནང་དུ་ཁྲིམས་ཐོག་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱལ་མཚམས་བརྒལ་བའི་དྲག་གནོན་ལ་གདོང་ལེན་བྱེད་ཐབས་དང་སྲིད་བྱུས་ལ་དབྱེ་ཞིབ་ཀྱིས་སྔོན་འགོག་གི་བསམ་འཆར་བཏོན་ཡོད། ལེའུ་༩ པའི་ནང་དུ་སུད་སི་གཞུང་གིས་གོམ་གང་མདུན་སྤོས་ཀྱིས་བྱེད་ཐབས་ལག་བསྟར་གྱིས་རྒྱལ་མཚམས་བརྒལ་བའི་དྲག་གནོན་སྔོན་འགོག་བྱ་རྒྱུའི་སྐོར་གསལ་འདུག
ད་དུང་སྙན་ཐོའི་ནང་མ་འོངས་པར་བོད་མི་དང་ཡུ་གུར་བ་སྲུང་སྐྱོབ་བྱེད་ཕྱོགས་སྐོར་ལ། རྒྱལ་སྤྱིའི་རིམ་པའི་ཐོག་ནས་རྒྱ་ནག་དང་རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་བྱ་སྤྱོད་ལ་མཐུན་འགྱུར་བྱེད་མཁན་གྱི་རྒྱལ་ཁབ་ཚང་མར་ཕྱི་འབྲེལ་གྱི་ཐོག་ནས་ཡ་ལན་སྤྲོད་རྒྱུ་དང་། དེ་ལ་བརྟེན་ནས་སུད་སིས་རྒྱ་ནག་གི་ད་ལྟའི་བྱ་སྤྱོད་ལ་བཟོད་སྒོམ་བྱེད་རྒྱུ་མིན་པ་མ་ཟད། རྒྱལ་ཁབ་རིམ་པའི་ཐོག་ནས་ནང་ཁུལ་ཐབས་ལམ་ཏེ། དབང་འཛིན་པ་ཚོའི་ཁྲོད་དུ་གོ་རྟོགས་སྤེལ་བ་དང་གནོད་འཚེ་ཕོག་ཡུལ་ཚོར་རོགས་སྐྱོར་བྱ་རྒྱུ་ཡིན་པ་གསལ་སྟོན་གནང་ཡོད།
སྙན་ཐོ་དེ་ནི་བྷ་སལ་སློབ་གྲྭ་ཆེན་མོས་ཞིབ་འཇུག་བྱས་པའི་སྙན་ཐོ་གཞི་བཅོལ་གྱིས་སུད་སི་གཞུང་གིས་གཞུང་འབྲེལ་གྱི་བཏོན་པའི་སྙན་ཐོ་ཞིག་ཡིན་པ་དང་། སྔོན་མ་སུད་སི་གྲོས་ཚོགས་ཀྱི་ཕྱི་འབྲེལ་སྲིད་བྱུས་ལྷན་ཚོགས་(APK-N)་ཀྱིས་སུད་སི་ནང་གི་བོད་མིའི་གནས་སྟངས་སྐོར་གྱི་སྙན་ཐོ་ཟེར་བའི་གྲོས་ཆོད་ཨང་༢༠།༤༣༣༣གཞི་ལ་བཞག་ནས་བཏོན་ཡོད་པ་རེད། གྲོས་ཚོགས་ནས་སུད་སི་དབུས་གཞུང་ལ་ཕྱི་འབྲེལ་སྲིད་བྱུས་སྐོར་གྱི་སྙན་ཐོ་ཞིབ་ཕྲ་ཞིག་ཕུལ་དགོས་པའི་གྲོས་འཆར་བཏོན་ཡོད་པ་དང་། བརྗོད་བྱ་གཙོ་བོ་སུད་སི་ནང་གི་བོད་མིའི་གནས་སྟངས་དང་། ལྷག་པར་སྨྲ་བརྗོད་རང་དབང་། སོ་ཉུལ་དང་འབྲེལ་བ་ཡོད་པ་གྲོས་ཚོགས་ནས་ཕྱི་ལོ་༢༠༢༡ ཟླ་བ་༣ ཚེས་ ༡༥ ཉིན་གྲོས་ཆོད་བཏོན་པ་ལ་བརྟེན་ནས་གཞུང་འབྲེལ་སྙན་ཐོ་འདི་བྱུང་བ་ཡིན་པ་རེད།
དེའི་ཐད་རྒྱ་ནག་གཞུང་གི་མགྲིན་ཚབ་པ་ཀོ་ཅཱ་ཁོན་(Guo Jiakun)་གྱིས་བོད་དང་ཤིན་ཅང་དང་འབྲེལ་བའི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་གནད་དོན་ཡིན་པ་དང་རྣོ་ངར་ཆེ་བའི་གནས་ཚུལ་ལ་ངོས་འཛིན་དང་། སུད་སི་གཞུང་གིས་རྒྱལ་ཁབ་གཉིས་ཀྱི་མཛའ་འབྲེལ་ཁེ་ཕན་གཙོ་བོར་བཟུང་ནས་ལམ་ནོར་ལ་ཁྲིད་པའི་གནས་ཚུལ་ཁྱབ་སྤེལ་མཚམས་འཇོག་དགོས་བ་བརྗོད་འདུག
གཞན་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་ཕྱི་ལོ་༢༠༡༩ ནས་སུད་སི་དབུས་གཞུང་ལ་ཞུ་གཏུག་རབ་དང་རིམ་པ་ཞུས་པ་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སུད་སིར་གཞུང་འབྲེལ་མཚམས་གཟིགས་ནམ་ཕེབས་སྐབས་སྙན་ཐོ་ཐད་སུད་སི་གཞུང་ལ་ཞུ་གཏུག་ཐེངས་མང་གནང་ཡོད་པར་བརྟེན། ལོ་མང་རྗེས་ད་རེས་གྲུབ་འབྲས་འདི་ཐོབ་པ་དང་། སྙན་ཐོ་དེའི་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱལ་མཚམས་བརྒལ་ནས་བོད་མི་དང་ཡུ་གུར་སོགས་ལ་དྲག་གནོན་དང་གནོན་ཤུགས་སྤྲོད་ཀྱི་ཡོད་ཅེས་གཞུང་འབྲེལ་ཐོག་ངོས་འཛིན་གནང་པ་དེ་ལ་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་དགའ་བསུ་དང་ཐུགས་རྗེ་ཆེ་ཞུས་འདུག


གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎