ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལྷན་ཚོགས་ཐོག་བོད་དོན་གཏམ་བཤད་གནང་འདུག

2025.02.19
ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལྷན་ཚོགས་ཐོག་བོད་དོན་གཏམ་བཤད་གནང་འདུག ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལྷན་ཚོགས་ཐོག་བོད་དོན་གཏམ་བཤད་གནང་སྐབས།
Tibet Bureau, Geneva

སྤྱི་ཟླ་གཉིས་བའི་ཚེས་༡༨ རེས་གཟའ་མིག་དམར་ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་༢༠༢༥ལོའི་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལྷན་ཚོགས་ཐེངས་༡༧པ་(The 17th Geneva Summit 2025 for Human Rights and Democracy)་དབུ་འཛུགས་གནང་ཡོད་པ་དང་། ལྷན་ཚོགས་ཐོག་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ལྷན་ཞུགས་ཀྱིས་རྒྱ་ནག་གཞུང་གིས་དྲག་གནོན་དབང་སྒྱུར་འོག་ཁོང་མོས་དངོས་སུ་མྱངས་བའི་སྡུག་སྦྱོང་མནར་གཅོད་ཀྱི་བརྒྱུད་རིམ་སྐོར་ར་སྤྲོད་དང་བོད་དོན་གཏམ་བཤད་གནང་ཡོད་པ་རེད།
རྣམ་སྐྱིད་ལགས་ཀྱིས་གཏམ་བཤད་སྐབས། ཁོང་གི་སྤུན་མཆེད་བསྟན་འཛིན་སྒྲོལ་མ་ལགས་དང་ཁོང་གཉིས་ཀྱིས་མདོ་སྨད་རྔ་བ་རྫོང་གི་དཔའ་བོའི་ཁྲོམ་གཞུང་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་བརྙན་ཐུང་གཟིགས་འབུལ་གནང་བ་དང་བསྟུན། རྣམ་སྐྱིད་ལགས་ཀྱིས་རྒྱབ་ལ་བོད་ཀྱི་རྒྱལ་དར་གྱོན་པ་དང་སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཕྱར་ཏེ། སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག སྤྱི་ནོར་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མགྱོགས་ནས་མྱུར་དུ་བོད་ལ་ཕེབས་འཇུག་དགོས། བོད་ལ་རང་དབང་དགོས་ཞེས་སྐད་འབོད་གནང་ནས་ངོ་རྒོལ་བྱེད་སྐབས་རྒྱ་ནག་གཞུང་གིས་འཛིན་བཟུང་གིས་བཙོན་ཁང་དུ་ཁོང་མོར་གཅར་རྡུང་མནར་གཅོད་བཏང་སྐོར་དང་། བཙོན་ཁང་དུ་དམག་སྦྱོང་དང་། རྒྱ་ནག་གཞུང་གིས་སྲིད་གཞུང་གི་རྩ་ཁྲིམས་དང་བཅའ་ཁྲིམས། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་བ། ངལ་རྩོལ་བྱེད་དུ་བཅུག་པ། བཙོན་ཁང་དུ་ཟས་བཅུད་དང་སྨན་བཅོས་ཀྱི་མཐུན་རྐྱེན་ཞན་པ་སོགས་ཀྱི་དཀའ་སྡུག་མྱངས་བ་སོགས་ངུ་འབོད་དང་མིག་ཆུ་ཤོར་བཞིན་གསལ་སྟོན་གནང་སོང་། དེ་བཞིན་ཁོང་མོ་བཙོན་གྲོལ་ཐོབ་རྗེས་རྒྱ་ནག་གཞུང་གི་ལྟ་སྲུང་དོ་དམ་འོག་འགྲོ་སྡུག་སྤྱོད་གསུམ་གྱི་རང་དབང་མེད་པར་བརྟེན་བྲོས་བྱོལ་བྱེད་དགོས་བྱུང་བ་དང་། བོད་ནང་དུ་ད་དུང་ཡང་བོད་ཀྱི་ཆབ་སྲིད་བཙོན་པ་མང་པོས་དཀའ་སྡུག་མྱོང་བཞིན་པ་དང་། བོད་ནང་རང་དབང་མེད་པའི་གནས་སྟངས་ཉིན་རེ་ནས་ཉིན་རེར་ཇེ་སྡུག་ཡིན་པས་རྒྱལ་སྤྱིའི་རྒྱལ་ཁབ་དང་ཚོགས་སྡེ་ཁག་གིས་བོད་དོན་ལ་རྒྱབ་སྐྱོབ་གནང་དགོས་བའི་འབོད་སྐུལ་ཞུས་བ་དང་། སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ནང་ཕེབས་འཇུག་རྒྱུ་གཞིས་བྱེས་བོད་མི་ཡོངས་ཀྱི་མངོན་འདོད་ལ་རྒྱབ་སྐྱོར་མུ་མཐུད་དུ་གནང་དགོས་པའི་འབོད་སྐུལ་ཞུས་སོང་།

Former Tibetan Political Prisoner Namkyi Speaks at the 17th Geneva Summit (1).jpg
༢༠༢༥ལོའི་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལྷན་ཚོགས་ཐེངས་༡༧པའི་ཐོག་ཐོག་ཨུ་རུ་སུ་དང་། སོ་དྷིས་ཨ་རཱབ། རྒྱ་ནག བྷི་ལཱ་རུས། ཧོང་ཀོང་། ཤར་ཏུར་ཀི་སི་ཐན། ཝི་ཏི་ནཱམ། ཨི་རཱན་བཅས་སུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་གནས་སྟངས་ཐད་དངོས་སུ་མྱོང་མཁན་དང་ལས་འགུལ་བ་གསུངས་བཤད་གནང་མཁན་དྲག་འདེམས་ཞུས་པའི་ཁྲོད་ད་རེས་རྣམ་སྐྱིད་ལགས་ཕེབས་ཐུབ་པ་བྱུང་བ་དང་། ལྷན་ཚོགས་རྗེས་རྣམ་སྐྱིད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ས་གནས་གསར་འགོད་པར། ཁོང་མོ་རྒྱ་ནག་གི་བཙོན་ཁང་དུ་ཡོད་སྐབས་བཙོན་གྲོལ་ཐོབ་པའི་རྗེས་བཙན་བྱོལ་དུ་བསྐྱོད་ནས་བོད་ནང་གི་གནས་སྟངས་དང་རང་ཉིད་ཀྱི་ལུས་ཐོག་དངོས་སུ་མྱངས་པའི་དཀའ་ངལ་ཁག་རྒྱལ་སྤྱིའི་ཁྱོན་ལ་དྲིལ་བསྒྲགས་བྱ་ཐུབ་ན་བསམ་པའི་བསམ་དོན་དེ་རིང་དངོས་སུ་འགྲུབ་སོང་། ལྷན་ཚོགས་འདིའི་ཐོག་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོ་ནས་འགྲོ་བ་མིའི་ཐོབ་ཐང་ལ་ཐུགས་འཁུར་གནང་མཁན་དང་། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་སོགས་མི་སྣ་མང་པོ་ལྷན་འཛོམས་གནང་བའི་ཐོག་བོད་ནང་གི་གནས་སྟངས་དང་བོད་དོན་གཏམ་བཤད་ཀྱི་གོ་སྐབས་བྱུང་བར་དགའ་པོ་བྱུང་། རྒྱ་ནག་དམར་ཤོག་གཞུང་གིས་བོད་མིའི་ཐོག་འཛིན་པའི་སྲིད་ཇུས་ཁག་ནི་དུས་རྟག་ཏུ་ནོར་འཁྲུལ་ཁོ་ནའི་ཕྱོགས་སུ་བསྐྱོད་ནས་བོད་ནང་སྡུག་བསྡལ་དང་དངངས་སྐྲག་ཡོད། དེ་འདྲ་སོང་ཙང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་ཞུ་རྒྱུར་ང་ཚོ་བོད་མི་ཡོངས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལས་ཁང་དེ་བཞིན་ཉི་མ་ལྟ་བུ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། དེས་ན་ཉེ་རིང་མེད་པའི་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་ཞུ་རྒྱུ་བྱུང་ཞེས་གསུངས་འདུག

བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་ཉེ་ལམ་སྤྱི་ཚེས་༩ ཉིན་ནས་བཟུང་ཡོ་རོབ་ནང་བོད་དོན་ཞུ་གཏུག་སྐོར་བསྐྱོད་གནང་ཡོད་པ་དང་། ད་བར་རྣམ་སྐྱིད་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་༡༡༩་ལྷག་ཡོད་པ་ལས། རྒྱལ་ཁབ་བཅུ་དྲུག་གི་གཞུང་ཚབ་པ་མཇལ་འཕྲད་ཀྱིས་ཁོ་མོའི་མྱོང་ཚོར་དངོས་དང་། བོད་ནང་གི་དངོས་ཡོད་གནས་ཚུལ་གསལ་སྟོན་གནང་བ་དང་ཕྱོགས་མཚུངས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པ་དྲུག་ལ་མཇལ་འཕྲད་ཞུས་འདུག དེ་མ་ཟད་ཁོང་མོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་ལྷན་ཁང་ཁག་གི་སྐུ་ཚབ་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུགས་གནང་ཡོད་པ་དང་། རྒྱལ་ཁབ་ཕལ་ཆེ་བས་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་དང་། རྒྱ་ནག་དང་འབྲེལ་བ་གནང་སྐབས་ནན་བཤད་གནང་རྩིས་ཡོད་པ་སོགས་ཁས་ལེན་གནང་ཡོད་སྐོར་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱལ་ཚོགས་ཞུ་གཏུག་འགན་འཛིན་ཕུན་ཚོགས་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
ཇི་ནི་ཝའི་འགྲོ་བ་མིའི་ཐོབ་དང་མང་གཙོའི་ལྷན་ཚོགས་དེ་བཞིན་གཙོ་བོ་རྒྱལ་སྤྱིའི་ཁྱོན་གྱི་རྒྱལ་ཁབ་དང་སྲིད་གཞུང་ཁག་གིས་དྲག་གནོན་དབང་སྒྱུར་འོག་མནར་གཅོད་མྱངས་པའི་གང་ཟག་རྣམས་ལ་ཉན་ཞིབ་གནང་རྒྱུའི་གོ་སྐབས་བསྐྲུན་པ་བརྒྱུད། རྒྱལ་སྤྱིའི་སྤྱི་ཚོགས་ནས་འགྲོ་བ་མིའི་ཐོབ་ཐང་ཐད་རྒྱབ་སྐྱོར་ཐབས་འཚོལ་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་གནས་སྟངས་ཐེར་འདོན་གནང་རྒྱུར་དམིགས་ཏེ་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་༢༥ མཉམ་འབྲེལ་ཐོག་ལོ་ལྟར་གོ་སྒྲིག་གནང་གི་ཡོད་པ་རེད།།


གསར་འགོད་པ། རབ་སྒང་ཚེ་ཕུན། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎