ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་ཡོ་རོབ་ནང་རྒྱལ་ཚོགས་ཚོགས་མི་རྒྱལ་ཁབ་བཅུ་དྲུག་གི་སྐུ་ཚབ་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བར། རྒྱལ་ཁབ་མང་པོས་བོད་དོན་སྐོར་གླེང་སློང་གནང་རྒྱུའི་ཁས་ལེན་གནང་འདུག

2025.02.19
ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་ཡོ་རོབ་ནང་རྒྱལ་ཚོགས་ཚོགས་མི་རྒྱལ་ཁབ་བཅུ་དྲུག་གི་སྐུ་ཚབ་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བར། རྒྱལ་ཁབ་མང་པོས་བོད་དོན་སྐོར་གླེང་སློང་གནང་རྒྱུའི་ཁས་ལེན་གནང་འདུག རྣམ་སྐྱིད་ནས་གཏམ་བཤད་གནང་སྐབས།
སུད་སི་དོན་ཁང་།

བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་ཕྱི་ཟླ་ ༢ ཚེས་ ༩ ཉིན་ནས་བཟུང་ཡོ་རོབ་ནང་བོད་དོན་ཞུ་གཏུག་སྐོར་བསྐྱོད་འགོ་བཙུགས་ཀྱིས། ཟླ་ ༢ ཚེས་ ༡༨ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་འཚོག་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཚོགས་ཆེན་ཐེངས་བཅུ་བདུན་པའི་སྟེང་གཏམ་བཤད་གནང་ཡོད་པ་དང་། ཚོགས་ཆེན་མ་ཚོགས་གོང་རྣམ་སྐྱིད་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་གི་ལས་དོན་རིམ་པ་གསུམ་གནང་འདུག་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་ ༡༩༠ ལྷག་ཡོད་པ་ལས། ཐོག་མར་རྒྱལ་ཁབ་བཅུ་དྲུག་གི་གཞུང་ཚབ་པ་མཇལ་འཕྲད་ཀྱིས་ཁོང་མོས་རང་གི་མྱོང་ཚོར་དངོས་དང་། བོད་ནང་གི་དངོས་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་དང་ཕྱོགས་མཚུངས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་ལས་རྟོག་ཞིབ་པ་ ༦ ལ་མཇལ་འཕྲད་ཞུས་འདུག མ་ཟད་ཁོང་མོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་ལྷན་ཁང་ཁག་གི་སྐུ་ཚབ་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུགས་གནང་ཡོད་པ་དང་། རྒྱལ་ཁབ་ཕལ་ཆེ་བས་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་དང་། ཁ་ཤས་ནས་ཐད་ཀར་མིན་པར་རྒྱ་ནག་དང་འབྲེལ་ལམ་སྐབས་ནན་བཤད་གནང་རྩིས་ཡོད་པ་སོགས་ཁས་ལེན་གནང་ཡོད་སྐོར་སུད་སི་དོན་ཁང་གི་རྒྱལ་ཚོགས་ཞུ་གཏུག་འགན་འཛིན་ཕུན་ཚོགས་སྟོབས་རྒྱལ་ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུག

ཕྱི་ཟླ་ ༢ ཚེས་ ༡༥ དང་ ༡༦ བར་ཉིན་གཉིས་ཀྱི་རིང་འཇར་མན་གྱི་མུ་ནིག་གྲོང་ཁྱེར་དུ་རྒྱལ་སྤྱིའི་བདེ་འཇགས་ཀྱི་ཚོགས་ཆེན་འཚོག་བཞིན་པའི་ཐོག  རྒྱ་ནག་གི་སྲིད་འཛིན་གཞོན་པ་དང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སོགས་རྒྱལ་ཁབ་མང་པོའི་སྐུ་ཚབ་ལྷན་འཛོམས་གནང་ཡོད་པས། གོ་སྐབས་དེ་དང་བསྟུན་ནས་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་ཉིན་གཉིས་རིང་འཇར་མན་དུ་བསྐྱོད་དེ། འཇར་མན་གྲོས་ཚོགས་ཀྱི་ཚོགས་གཞོན་དང་མཇལ་འཕྲད་གནང་སྟེ་བོད་ནང་གི་གནས་སྟངས་ཞུ་གཏུག་གནང་ཐུབ་ཡོད་པ་སོགས་ཀྱང་ངོ་སྤྲོད་གནང་གི་འདུག

གཞན་ཡང་འཇར་མན་དུ་རྣམ་སྐྱིད་ལགས་ཀྱིས་བོད་རིགས་དང་རྒྱལ་ཁབ་གཞན་བཅས་ཀྱི་མི་མང་ཁྱོན་༨༠ ལྷག་ཙམ་ལ་གསུང་བཤད་གནང་སྐབས། འཛམ་གླིང་ཡུ་གུར་སྤྱི་མཐུན་ཚོགས་པ་དང་། རྒྱ་རིགས་ཡེ་ཤུའི་སྤྱི་ཚོགས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྐུ་ཚབ་ཚོགས་པ་ཁག་ཀྱང་བཅར་ཡོད་ཅིང་། ཁོང་ཚོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་དོགས་འདྲི་ཞུས་པ་ཁག་ལའང་རྣམ་སྐྱིད་ལགས་ཀྱིས་ལན་འདེབས་གསལ་བཤད་གནང་ཡོད་པ་འགྲེལ་བརྗོད་གནང་གི་འདུག

ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༡ ཉིན་ཁོང་གི་སྤུན་མཆེད་བསྟན་འཛིན་སྒྲོལ་མ་ལགས་དང་ལྷན། མདོ་སྨད་རྔ་བ་རྫོང་གི་སྲང་ལམ་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་གནམ་ལ་ཕྱྭར་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པས། རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་གིས་ལོ་གསུམ་ལྷག་རིང་བཙོན་འཇུག་མནར་གཅོད་བཏང་མཐར་གློད་གྲོལ་ཐོབ་རྗེས། ཕྱི་ལོ་ ༢༠༢༣ ཟླ་ ༥ ནང་རྒྱ་གར་དུ་འབྱོར་ཡོད་པ་རེད། །

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ། 

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎