མཉམ་འབྲེལ་རྒྱལ་ཚོགས་ཀྱིས་པེ་རིསི་ཡི་སྐད་ཡིག་གླེང་སྟེགས་སུ་ཡུ་གུར་མཁས་དབང་ཞིག་གི་གཏམ་བཤད་གློ་བུར་དུ་མེད་པར་བཟོས་འདུག

དེ་ཡང་(UNESCO) སྟེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་། ཚན་རིག རིག་གཞུང་བཅས་ཀྱི་སྡེ་ཚན་གྱི་ཁྱབ་ཁོངས་ (LT4ALL) ཞེས་སྐད་ཡིག་དང་ཚན་རྩལ་ཀུན་ལ་ཁྱབ་དགོས་ཅེས་པའི་སྡེ་ཚན་དེས་ཉེ་སྔོན་སྤྱི་ཟླ་༢ཚེས་༡༢ཉིན་ཡུ་གུར་བའི་སྐད་བརྡ་རིག་པའི་མཁས་དབང་ (Abduweli Ayup) ལ་ཧྥ་རན་སིའི་རྒྱལ་ས་པེ་རིསིར་ཚོགས་རྒྱུའི་རྒྱལ་ཚོགས་ཀྱི་སློབ་གསོ་དང་། གསར་གཏོད་ཅེས་པའི་གླེང་སྟེགས་གོ་སྒྲིག་བྱེད་མཁན་ནས་སྤྱི་ཟླ་༢ཚེས་༢༥ཉིན་གྱི་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གནང་མཁན་དུ་གདན་ཞུའི་ཡི་གེ་འབྱོར་བ་བཞིན་ཁོང་གིས་དང་ལེན་གནང་ཡོད་ཀྱང་། སྤྱི་ཟླ་༢ཚེས་༢༤ ཉིན་གོ་སྒྲིག་ཚོགས་ཆུང་གིས་གློ་བུར་དུ་ཁོང་ལ་གློག་འཕྲིན་ཞིག་བཏང་ནས་ཁོང་གི་གཏམ་བཤད་གླེང་སྟེགས་གི་ལས་རིམ་ཁོངས་སུ་བཅུག་རྒྱུའི་ཆོག་མཆན་ཐོབ་ཀྱི་མེད་ལུགས་བརྗོད་ཡོད་པ་དང་། ཐག་གཅོད་དེ་ནི་ཁོ་ཚོས་ཚོད་འཛིན་ཐུབ་པ་ཞིག་མིན་ལུགས་བརྗོད་པ་ལས་རྒྱུ་མཚན་ཁ་གསལ་འགྲེལ་བརྗོད་བྱས་མེད་པ་རེད། ཡིན་ནའང་ (Abduweli Ayup) ཡིས་དེ་ནི་ཁོང་གིས་སྔ་ཉིན་མོར་གླེང་སྟེགས་འདིའི་ཐོག་གཏམ་བཤད་དང་གཙོ་སྐྱོང་བྱེད་མཁན་རྒྱ་ནག་གཞུང་གི་སྐུ་ཚབ་མི་སྣར་རྒྱ་ནག་གིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀི་སི་ཐན་གྱི་མི་རིགས་ཚོའི་སྐད་ཡིག་རྒྱ་བསྒྱུར་བྱེད་བཞིན་པའི་གནས་སྟངས་དང་། དེ་བཞིན་རྒྱ་ནག་གཞུང་གིས་ཁོ་ཚོའི་ཐོག་དྲག་གནོན་བྱེད་བཞིན་པའི་གནས་སྟངས་སྐོར་ནས་དྲི་བ་བཏོན་པའི་རྐྱེན་གྱིས་ཡིན་པ་གསུང་འདུག
ད་ལྟ་བཙན་བྱོལ་ནང་ཡོད་པའི་ཡུ་གུར་བའི་ཤེས་ཡོན་པ་དང་སྐད་བརྡ་རིག་པའི་མཁས་དབང་ (Abduweli Ayup) ཡིས་འདི་ག་ཨེ་ཤེ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་ན། ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་པེ་རིསིའི་སྐད་ཡིག་གླེང་སྟེགས་ཐོག་གཏམ་བཤད་སྤེལ་རྒྱུའི་ཆུ་ཚོད་༢༤ ཙམ་གྱི་སྔོན་ལ་གློ་བུར་དུ་ཁོང་གི་གཏམ་བཤད་མེད་པར་བཏང་ཡོད་ལུགས་འགྲེལ་བརྗོད་གནང་འདུག།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།