རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་ནང་དྭ་ཕྲུག་ཁང་གི་རྣམ་པའི་ཐོག་བཅའ་སྡོད་སློབ་གྲྭ་རྒྱ་བསྐྱེད་གཏོང་བཞིན་ཡོད་འདུག

2025.01.17
རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་ནང་དྭ་ཕྲུག་ཁང་གི་རྣམ་པའི་ཐོག་བཅའ་སྡོད་སློབ་གྲྭ་རྒྱ་བསྐྱེད་གཏོང་བཞིན་ཡོད་འདུག ཤིན་ཅང་གི་(Urumqi)་གྲོང་ཁྱེར་ནང་གི་རྒྱ་ནག་གི་ཉེན་རྟོག་པ། ༥།༢༠༡༤
AP

དེ་ཡང་སྤྱི་ལོ་༢༠༡༧ ལོ་ནས་བཟུང་ཤར་ཏུར་ཀི་སི་ཐན་ཁུལ་གྱི་ས་གནས་རྒྱ་ནག་སྲིད་གཞུང་གིས་ཡུ་གུར་ཁ་ཆེ་མི་རིགས་སྟོང་ཚོ་མང་པོ་ལག་ཤེས་སྦྱོང་བརྡར་ལྟེ་གནས་ཞེས་པའི་ནང་དོ་དམ་བཀག་སྐྱིལ་བྱས་པའི་དྭ་ཕྲུག་རྣམས་ལ་དྭ་ཕྲུག་སློབ་གྲྭའི་རྣམ་པའི་ཐོག་ནས་བཅའ་སྡོད་སློབ་གྲྭ་བཙུགས་པ་དེ་དག་ད་དུང་ཡང་སྒོ་ཕྱེས་ནས་བཞག་ཡོད་པ་མ་ཟད། ས་ཁུལ་ཁག་ཅིག་ལ་བཅའ་སྡོད་སློབ་གྲྭ་དེ་རིགས་རྒྱ་བསྐྱེད་བྱེད་བཞིན་ཡོད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡུ་གུར་སྡེ་ཚན་གྱིས་གནས་ཚུལ་སྤེལ་འདུག
གནས་ཚུལ་ནང་། ཤིན་ཅང་ངམ་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་ཁ་ཆེའི་ཁུལ་གྱི་(Kashgar)་ས་ཁུལ་དང་། (Yarkand)་རྫོང་། (Aksu)་ས་ཁུལ་(Kuchar)་གྲོང་རྡལ། (Hotan)་ས་ཁུལ་(Keriye)་རྫོང་བཅས་སུ་དེ་འདྲ་བའི་སློབ་གྲྭ་ཉུང་མཐར་ཡང་དྲུག་ཙམ་ཡོད་པ་ཤེས་རྟོགས་བྱུང་འདུག་ལ། (Yarkand)་རྫོང་གི་ས་གནས་ཉེན་རྟོག་པ་ཞིག་གིས་ཁོང་མོར་བཀག་སྐྱིལ་བྱས་པའི་ཕ་མ་རྣམས་ཀྱི་ཕྲུ་གུ་དེ་དག་ས་གནས་དྲུག་གི་སློབ་གྲྭ་ཁག་ཏུ་ཁྲིད་དགོས་པའི་འགན་འཁྲིའི་ལས་འགན་སྤྲོད་བྱུང་ཞེས་དང་། ཁོ་མོས་བཏང་བའི་བྱིས་པ་མཐའ་མ་དེ་(Arslanbagh)་ཏུ་བཏང་བ་ཡིན་ལ། དེ་ནི་སྔར་ནས་ཡོད་པའི་སློབ་གྲྭའི་ཁང་པ་ཞིག་ཡིན་པ་འདྲ་ཞིག་གསུང་པ་དང་། དེ་ནི་ཉལ་ཁང་ཞིག་ཡིན་པ་འདྲ་ཅེས་དང་། ད་ལྟའི་བར་དུ། ངས་དྭ་ཕྲུག་དེ་རྣམས་ས་ཆ་ཁག་དྲུག་ཙམ་ལ་བསྐྱལ་ཟིན་པ་ཡིན། དེ་དག་གི་ཕ་མ་ཚང་མ་འཛིན་བཟུང་བྱས་ཡོད་པ་རེད་ཅེས་འདི་ག་རླུང་འཕྲིན་ཁང་གི་ཡུ་གུར་སྡེ་ཚན་ལ་བརྗོད་འདུག
རྒྱ་ནག་གིས་སློབ་གསོ་བཅོས་བསྒྱུར་ར་བ་དེ་དག་ནི་ལག་རྩལ་སྦྱོང་བརྡར་ལྟེ་གནས་ཡིན་ཚུལ་བརྗོད་བཞིན་ཡོད་པ་དང་། དེ་ནི་མི་རྣམས་ཀྱིས་ལྟ་བ་ངན་པ་བཟུང་ཡོད་པའི་དོགས་གཞི་ཡོད་པ་རྣམས་ཀྱི་བསམ་བློ་བཅོས་སྒྱུར་བྱས་ཏེ། རྒྱ་སྐད་དང་ཚོང་ལས། ལས་རིགས་ཀྱི་ནུས་རྩལ་སྦྱོང་བརྡར་ཁང་སོགས་ཡིན་པ་བརྗོད་ཀྱི་ཡོད་པ་རེད།
དེ་འབྲེལ་༢༠༢༡ ལོར་རང་དབང་ཅན་གྱི་ཆེད་མཁས་པ་སྐོར་ཞིག་གིས་༡༩༤༨ ལོར་གཏན་འབེབས་གནང་བའི༼རིགས་ཚོགས་རྩ་མེད་སྤྱི་ཆིངས༽ཀྱི་ནང་དོན་ལྟར་རྒྱ་ནག་གཞུང་གིས་ཤིན་ཅང་ངམ་ཤར་ཏུར་ཀི་སི་ཐན་དུ་བསྟུད་མར་ལག་ལེན་དུ་བསྟར་བཞིན་པའི་སྲིད་ཇུས་རིགས་ལ་བརྟག་ཞིབ་གནང་ནས་སྙན་ཐོ་ཞིག་བཏོན་ཡོད་པ་དང་། སྙན་ཐོ་དེ་ནི་ལམ་ཐིག་གསར་པའི་འཐབ་ཇུས་དང་སྲིད་ཇུས་ཞིབ་འཇུག་ཁང་དང་(Raoul Wallenberg)་འགྲོ་བ་མའི་ཐོབ་ཐང་ལྟེ་གནས་ཁང་གཉིས་མཉམ་འབྲེལ་བྱས་ཏེ་བཏོན་པའི་མིང་ལ་ཡུ་གུར་མི་རིགས་དམར་གསོད་ཆེན་མོ་ཞེས་བཏགས་པའི་སྙན་ཐོ་དེས་ད་ཡོད་ལག་སོན་ཐུབ་པའི་བདེན་དཔང་ཡིག་ཆ་དག་ལ་གཞི་རྒྱ་ཆེན་པོས་ཞིབ་བཤེར་དང་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་ཡུལ་དངོས་དོན་དངོས་ཀྱི་བདེན་དཔང་སོགས་ལ་གཞིགས་ནས་ཞིབ་འཇུག་བྱས་ཡོད་པ་དང་། སྙན་ཐོ་དེས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་སྤྱི་ཆིངས་དེའི་ཚོགས་ཁོངས་རྒྱལ་ཁབ་ཡིན་པའི་ཆ་ནས༡༩༤༨ ལོའི་རིགས་ཚོགས་རྩ་མེད་སྤྱི་ཆིངས་དང་འགལ་ཡོད། དེར་བརྟེན། ཡུ་གུར་མི་རིགས་རྩ་མེད་དུ་བཏང་བར་རྒྱལ་ཁབ་ཀྱིས་འགན་འཁུར་དགོས་ཞེས་ཉེས་པ་བཙུགས་ཡོད་པ་རེད།
དེ་བཞིན་དུ་གོང་ཞུས་སྙན་ཐོ་དེའི་ནང་རྒྱ་ནག་གི་ལས་བྱེད་པ་གཞི་རིམ་མང་ཚོགས་ནང་ཡོང་ནས་མི་ཚང་དུ་བཙན་ཤེད་ཀྱི་མཉམ་འདུག་དང་མཉམ་ཟ་མཉམ་འཐུང་བྱས་ཏེ་མི་ཚང་རེ་རེར་ལྟ་རྟོག་ནན་མོ་བྱས་སྟབས། ཁ་ཆེ་བའི་སྲོལ་རྒྱུན་ཁྱིམ་ཚང་རིག་གནས་ལ་གཏོར་བརླག་ཆེན་པོ་ཐེབས་པ་དང་། དེ་མིན་རྒྱ་ནག་གཞུང་གིས་བཙན་དབང་གིས་ཡུ་གུར་བ་དང་རྒྱ་རིགས་གཉེན་སྒྲིག་བྱེད་དུ་བཅུག་པ། དེ་མཚུངས་སུ་ཡུ་གུར་བ་འབོར་ཆེན་གཅིག་བསྡུས་སློབ་གསོ་ར་བར་བཅུག་སྟབས་བྱིས་པ་ཉུང་མཐའ་ཡང་འབུམ་ལྔ་ལྷག་དྭ་ཕྲུག་ཆགས་པ་རྣམས་རྒྱ་ནག་གཞུང་གི་གཉེར་བའི་བཅའ་སྡོད་སློབ་གྲྭ་དང་དྭ་ཕྲུག་སྙོར་སྐྱོང་ཁང་སོགས་སུ་བཅུག་ཡོད་པ་ཐེར་འདོན་བྱས་འདུག
རྒྱ་ནག་གཞུང་གིས་བོད་ཁུལ་དུའང་གཅིག་མཚུངས་ཀྱི་སྲིད་ཇུས་ལག་ལེན་དུ་བསྟར་ནས་བོད་པའི་བྱིས་པ་འབོར་ཆེན་བཅའ་སྡོད་སློབ་གྲྭར་བཅུགས་ནས་རྒྱ་སྒྱུར་གྱི་སློབ་གསོ་སྤེལ་བཞིན་ཡོད་ལ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྒྲིག་འཛུགས་ཤིག་གིས་རྒྱ་ནག་གཞུང་གིས་ཉུང་མཐའ་ཡང་བོད་པའི་བྱིས་པ་ས་ཡ་གཅིག་ཡས་མས་ཤིག་རྒྱ་ནག་གཞུང་གཉེར་བཅའ་སྡོད་སློབ་གྲྭར་བཅུག་ནས་རྒྱ་སྒྱུར་སློབ་གསོ་སྤྲོད་བཞིན་པར་ཐེར་འདོན་བྱས་ཡོད་པ་རེད།
རྒྱ་ནག་དམར་ཤོག་ཚོགས་པའི་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་བློན་ཆེན་ཟུར་ལའེ་ཝི་ཧན་གྱིས་རྒྱ་ནག་གི་རྩ་ཁྲིམས་སུ་ཆོས་ལུགས་དད་མོས་རང་དབང་འཇོག་དོན་ནི་མཐར་ཐུག་ན་ཆོས་ལུགས་རྩ་མེད་དུ་གཏོང་ཆེད་ཡིན་ཞེས་མངོན་སུམ་འཛེམ་མེད་ཀྱིས་བཤད་ཡོད་པ་ལྟར། རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀི་སི་ཐན་སོགས་གྲང་ཉུང་མི་རིགས་ས་ཁུལ་དུ་སློབ་གྲྭ་བཙུགས་པའི་དམིགས་ཡུལ་གཙོ་བོ་གཅིག་ནི། སློབ་གསོ་དེ་མི་རིགས་རྩ་མེད་དུ་གཏོང་སྤྱད་ལག་ཆ་ཞིག་ཏུ་བཀོལ་སྤྱོད་བྱེད་སླད་རེད་ཞེས་བོད་ཁུལ་གྱི་སློབ་གསོའི་ལས་དོན་ལ་རྒྱུས་མངའ་དང་ཞིབ་འཇུག་ཡོད་པའི་རྒྱལ་ལོ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གོང་ཞུས་ཡུ་གུར་བ་དམར་གསོད་ཆེན་མོ་ཞེས་པའི་སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་གིས་འཆར་གཞི་ཡོད་པ། དམིགས་ཡུལ་ཡོད་པ། རྩ་འཛུགས་ཡོད་པའི་སྒོ་ནས་ཡུ་གུར་བའི་ངོ་བོ་རྩ་མེད་དུ་བཏང་ཡོད་ལ། ཡུ་གུར་བའི་སློབ་གྲྭ་ཚང་མའི་ནང་རྒྱ་སྒྱུར་གྱི་སློབ་གསོ་ཁོ་ན་སྤེལ་བཞིན་ཡོད་ལ། ཡུ་གུར་བ་རྣམས་ནི་ཁ་ཆེ་ཆོས་ལུགས་ལ་དད་མཁན་ཡིན་པས་ཁ་ཆེ་བའི་དད་རྟེན་ལྷ་ཁང་མང་པོ་རྩ་མེད་དུ་གཏོར་བ་དང་། དེ་མིན་ཡུ་གུར་བའི་རྩོམ་པ་པོ་དང་སློབ་གསོ་བ། སྙན་ངག་པ་སོགས་ཤེས་ལྡན་པའི་ཚོགས་ལ་དྲག་གནོན་བྱས་ཏེ་མང་པོ་ཞིག་བཙོན་ལ་བཅུགས་པ། དེ་བཞིན་དུ་ཡུ་གུར་བའི་བུད་མེད་ཀྱི་སྐྱེ་སྒོ་བཅད་པ་སོགས། མདོར་ན་ཤར་ཏུར་ཀི་སི་ཐན་དུ་སྤེལ་བའི་སྲིད་ཇུས་མཐའ་དག་ནི་ཡུ་གུར་མི་རིགས་རྩ་མེད་དུ་གཏོང་ཆེད་ཁོ་ནར་དམིགས་འབེན་ལ་བཟུང་འདུག་ཅེས་བཀོད་འདུག
བོད་ནང་དུ་ཡང་རྒྱ་ནག་གཞུང་གིས་བོད་ཕྲུག་མང་པོ་ཕ་མ་དང་ཁ་ཐག་རིང་བའི་རྒྱ་ནག་གཞུང་གཉེར་བཅའ་སྡོད་སློབ་གྲྭ་བཅུག་པ་དང་། བོད་ཕྲུག་ཚོར་རྒྱ་སྐད་རྒྱ་ཡིག་བསླབ་ནས་བོད་མི་རིགས་ཀྱི་སྐད་ཡིག་རིག་གཞུང་རྩ་མེད་གཏོང་ཐབས་བྱེད་བཞིན་པ་བོད་མིའི་སྒྲིག་འཛུགས་གཙོས། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་བཞིན་པ་རེད།


གསར་འགོད་པ། དབྱངས་སྒྲོན། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎