༸གོང་ས་མཆོག་ཨ་རི་བ་ཚོས་ཡིད་སྨོན་ཞུ་ཡུལ་མི་སྣར་འདེམས་པ།
2019.12.31
ཨ་རིའི་སྲིད་འཛིན་Trump དང་སྲིད་འཛིན་ཟུར་པ་Obama ཀྱི་མཚན་མཐོ་ཤོས་བཏོན་པ་དང་། དེ་ནས་མཐོ་ཤོས་ལྷག་མ་བཅུ་བཏོན་པའི་ནང་ནས་༧གོང་ས་ཏ་ལའི་བླ་མ་མཆོག་ཚུད་ཡོད་འདུག
ཨ་རིའི་རྒྱལ་སའི་ནང་རྟེན་གཞི་བྱེད་པའི་Gallup ཞེས་པའི་དབྱེ་ཞིབ་དང་སློབ་སྟོན་ཀྱི་ཁེ་གཉེར་ལས་ཁུངས་དེས་ལོ་ལྟར་ཨ་རི་བ་ཚོར་སོ་སོའི་ཆེས་ཡིད་སྨོན་སྐྱེད་སའི་འཛམ་གླིང་ནང་གནས་སྡོད་བྱེད་བཞིན་པའི་སྐྱེས་པ་དང་བུད་མེད་གང་ཟག་སུ་ཞིག་ཡིན་མིན་བསམ་ཤོག་བསྡུ་ལེན་བྱེད་བཞིན་པ་ལྟར། སྤྱི་ཟླ་༡༢་པའི་ཚེས་༢་ནས་༡༥་བར་བསམ་ཤོག་བསྡུ་ལེན་བྱས་པའི་ནང་ཨ་རི་བ་ཚོས་སྤྱི་ལོ་༢༠༡༩་ལོར་ཆེས་ཡིད་སྨོན་ཞུ་སའི་མི་སྣ་གྲངས་ཀ་མཐོ་ཤོས་གཉིས་བཏོན་པ་ནི་ཨ་རིའི་སྲིད་འཛིན་ཟུར་པ་Barack Obama དང་ཨ་རིའི་སྲིད་འཛིན་ལས་ཐོག་Donald Trump གཉིས་ཡིན་འདུག ད་ལོ་ཨ་རི་བ་ཚོས་ཆེས་ཡིད་སྨོན་ཞུ་སའི་མི་སྣ་འདམ་ག་བྱས་པ་དེ་ནི་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་དབར་བསམ་ཚུལ་དབྱེ་བགོས་ཡོད་པ་གསལ་སྟོན་བྱས་ཡོད་ཅིང་། དེའང་མང་གཙོ་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་༤༡་ཡིས་Obama ཀྱི་མཚན་བཏོན་པ་དང་། སྤྱི་མཐུན་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་༤༥་ཡིས་Trump གྱི་མཚན་བཏོན་ཡོད་པ་ཆགས་ནས་མང་གཙོ་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་ཧ་ཅང་ཉུང་ངུ་ཞིག་གིས་Trump འདེམས་ཡོད་པ་དང་། སྤྱི་མཐུན་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་ཧ་ཅང་ཉུང་ངུ་ཞིག་གིས་Obama འདེམས་ཡོད་པ་ཤེས་རྟོགས་ཐུབ་ཀྱི་ཡོད་ཅེས་གོང་ཞུས་ཨ་རིའི་མི་དམངས་ཀྱི་བསམ་ཤོག་བསྡུ་ལེན་གནང་མཁན་Gallup གྱི་དྲ་ཐོག་ཏུ་གནས་ཚུལ་སྤེལ་ཡོད་པ་རེད།
གནས་ཚུལ་མུ་མཐུད་སྤེལ་བའི་ནང་། གོང་ཞུས་Obama དང་Trump གཉིས་ཀྱི་གྲངས་ཀ་མཐོ་ཤོས་རྗེས་ལྷག་མ་མཐོ་ཤོས་མི་བཅུའི་མཚན་བཏོན་པའི་ནང་། ཨ་རིའི་སྲིད་འཛིན་ཟུར་པ་Jimmy Carter དང་ཚོང་པ་Elon Musk Microsoft གསར་གཏོད་པ་Bill Gates དང་ཡི་ཤུའི་བླ་ཆེན་Pope Francis སོགས་ཡོད་པའི་ནང་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་ཏྰ་ལའི་བླ་མའི་མཆོག་གི་མཚན་ཡོད་པ་རེད། དེ་དག་རེ་རེར་བརྒྱ་ཆ་གཉིས་ལྷག་བརྒལ་མེད་པ་རེད།།