ལོ་གསར་ཉིན་མདོ་སྨད་རྔ་པ་ཁུལ་དུ་བོད་མི་ཚོས་མྱ་ངན་འཁུར་བ།
2010.02.14
༄༅༎བོད་ལྕགས་སྟག་ལོ་གསར་བཞད་ཀྱི་ཚེས་གཅིག་ཉིན་མདོ་སྨད་རྔ་པ་ཁུལ་དུ་བོད་མི་བཞི་བརྒྱ་ལྷག་འདུ་འཛོམས་ཀྱིས་ མྱ་ངན་གྱི་རྣམ་པ་བསྟན་པར་ཉེན་རྟོག་པ་དང་དམག་མི་ཆིག་སྟོང་ལྷག་གིས་བོད་རིགས་དེ་དག་མཐའ་བསྐོར་བྱས་ཡོད་ལུགས་ཀིརྟི་བྱིས་པ་གྲ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་གིས་གནས་ཚུལ་སྤེལ་འདུག
ཕྱི་ཟླ་༢་པའི་ཚེས་༡༤་སྟེ་བོད་ཀྱི་ལོ་གསར་ཚེས་གཅིག་ཉིན་ཀིརྟི་དགོན་པ་དང་བསེ་དགོན་པའི་དགེ་འདུན་པ་དང་མང་ཚོགས་བཅས་སེར་སྐྱ་མི་མང་བཞི་བརྒྱ་བརྒལ་བས་འདི་ལོའི་ལོ་གསར་མྱ་ངན་འཁུར་བའི་རྣམ་པ་སྟོན་ཆེད་རྒྱབ་ཏུ་གོས་ཧྲུལ་གྱོན་ཞིང་། ལག་ཏུ་འཕྲེང་བ་བཟུང་། རྩམ་པ་བཟས་ནས་མྱ་ངན་གྱི་རྣམ་འགྱུར་དང་། མཐའ་བསྐོར་བྱེད་མི་ཉེན་རྟོག་པ་དང་དམག་མིར་རྩམ་པ་གཏོར་བ་དང་། མ་ཎི་འུར་འདོན་བྱས་པ་སོགས་ཞི་བའི་ངོ་རྒོལ་གནང་འདུག སྐབས་དེར་མི་འགའ་རེས་ལག་འཛིན་ཁ་པར་ནང་བརྙན་པར་བླངས་འདུག་ཀྱང་དམག་མིས་མཐོང་སྟེ་ཁ་པར་འཕྲོག་པའི་གནས་ཚུལ་བྱུང་འདུག ཕྱི་ལོ་༢༠༠༨་ལོར་བོད་ཆོལ་ཁ་གསུམ་གྱི་ནང་བོད་མི་མང་གིས་གཞི་རྒྱ་ཆེ་བའི་ཞི་རྒོལ་ལ་རྒྱ་ནག་གཞུང་གིས་དམག་མིས་ཡ་ང་སྙིང་རྗེ་མེད་པར་དྲག་གནོན་བྱས་ཏེ་བོད་མི་བརྒྱ་ཕྲག་གི་ཚེ་སྲོག་འཕྲོག་པ་དང་སྟོང་ཕྲག་མང་པོར་རྨས་སྐྱོན་ཕོག་ཡོད་པ་རེད། འདས་ལོའི་ནང་ཡང་བོད་ཀྱི་ས་ཁུལ་མང་པོའི་ནང་རྒྱ་ནག་གཞུང་གིས་དམ་བསྒྲགས་ཅི་ཆེ་བྱེད་བཞིན་པ་སོགས་གཞིས་ལུས་བོད་མིའི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེད་ཞུས་ཏེ་བྱེས་འབྱོར་བོད་རིགས་རང་དབང་ཡུལ་གྲུའི་ནང་གནས་འཁོད་བྱེད་བཞིན་པ་ཕལ་མོ་ཆེར་ལོ་གསར་ལ་མཆོག་གསུམ་ལ་གསོལ་འདེབས་སྨོན་ལམ་འདེབས་པ་སོགས་ཆོས་ཕྱོགས་ཁོ་ནའི་བྱ་བར་བརྩོན་བཞིན་པ་རེད།།