ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་དུ་བོད་ཀྱི་ལོ་གསར་སྲུང་བརྩི་གནང་བ།
2016.02.19
ཨ་རིའི་བོད་དོན་དམིཊ་བསལ་འབྲེལ་མཐུད་པ་དབུ་བཞུགས་ཐོག་ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་དུ་བོད་ཀྱི་ལོ་གསར་སྲུང་བརྩི་གནང་ཡོད་པ།
དེ་ཡང་ཟླ་བ་འདིའི་སྤྱི་ཚེས་༡༨་སྤྲེལ་ལོ་བོད་ཀྱི་ལོ་གསར་ཚེས་༡༡ཉིན། ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་གྱི་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ངོས་ནས་ཆེད་དུ་བོད་ཀྱི་ལོ་གསར་སྲུང་བརྩིའི་མཛད་སྒོ་ཤིག་ཚོགས་པ་དང་། ཤིང་བཟའ་རིན་པོ་ཆེ་མཆོག་གིས་ཞལ་འདོན་གསུང་འདོན་གནང་ཡོད་པ་རེད། ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་ཚོགས་པའི་བོད་ཀྱི་ལོ་གསར་རྟེན་འབྲེལ་མཛད་སྒོ་དེ་ནི་ཨ་མི་རི་ཀའི་མི་སེར་ཉེན་སྲུང་དང་། མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་དྲུང་ཆེ་གཞོན་པ་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་ཀྱིས་གོ་སྒྲིག་གནང་པ་ཞིག་ཡིན་པ་རེད།
ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་(Sarah Sewall)མཆོག་གིས། སྤྲེལ་ལོ་བོད་ཀྱི་ལོ་གསར་གྱི་དགའ་སྟོན་ཚོགས་འཛོམས་ལ་ཕེབས་མཁན་སྐུ་མགྲོན་རྣམ་པར་ལོ་གསར་འཚམས་འདྲི་དང་འབྲེལ། ཁོང་གིས་དེ་རིང་ལོ་གསར་སྲུང་བརྩིའི་མཛད་སྒོའི་ཐོག་བོད་མི་ཨ་རི་བ་ཚོ་དང་མཉམ་རིག་གཞུང་ངོ་སྤྲོད་རྒྱུས་ལོན་དང་འབྲེལ་ནས་ལོ་གསར་སྲུང་བརྩི་གནང་རྒྱུའི་གོ་སྐབས་བྱུང་བར་དགའ་བོ་བྱུང་། བོད་མི་ཚོ་མི་འབོར་གྱི་ཆ་ནས་ཉུང་ཤས་ལས་མེད་ཀྱང་། སོ་སོའི་ངོ་བོ་དང་རིག་གཞུང་མི་ཉམས་རྒྱུད་འཛིན་བྱེད་ཐུབ་པ་ཧ་ཅང་ཡག་པོ་དང་། འདི་ལྟར་སོ་སོའི་རིག་གཞུང་རྒྱུན་འཛིན་གྱིས་ཡུལ་ལུང་དང་མི་རིགས་ཕུན་ཚུན་བར་ངོ་སྤྲོད་བརྗེ་རེས་བྱེད་རྒྱུ་གལ་ཆེན་ཡིན་པ་སོགས་གསུངས་ཡོད།
སྐབས་དེར་བཀའ་ཟུར་བཀྲས་བཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་བོད་ཀྱི་ལོ་གསར་ངོ་སྤྲོད་དང་འབྲེལ། ཨ་རི་གཞུང་གིས་བོད་ཀྱི་ལོ་གསར་དང་བཅས་བོད་མི་རིགས་ལ་ཆེ་མཐོང་དང་རོགས་རམ་གནང་བཞིན་པ་དེ་བཞིན་འཛམ་གླིང་གི་ཡུལ་གྲུ་གཞན་པ་ཚོར་ཡང་དམིགས་དཔེ་ལྟ་བུ་ཞིག་ཡིན་པ་སོགས་གསུངས་ཡོད།
ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་ཀྱང་། ཨ་རིར་ཡོད་པའི་བོད་མི་ཚོས་ཨ་རིའི་རང་དབང་ལོངས་སྤྱོད་དང་མཉམ་རིག་གཞུང་སོ་སོའི་རིག་གཞུང་སྲུང་སྐྱོང་བྱེད་པར་ཨ་རི་གཞུང་གི་ངོས་ནས་འདི་ལྟར་ཆེ་མཐོང་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།
སྐབས་དེར་མཛད་སྒོའི་ཐོག་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་སུ་གསར་འགོད་པས་བཅར་འདྲི་ཞུས་སྐབས། ཁོང་གིས་ཨ་རིའི་ཕྱི་སྲིད་ལྷན་ཁང་ནང་བོད་ཀྱི་ལོ་གསར་སྲུང་བརྩི་བྱས་བ་ནི་ཨ་རི་གཞུང་གིས་བོད་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་པོ་ཡིན་པར་ངོས་འཛིན་བྱེད་བཞིན་པ་གསུངས་སོང་།
ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་བོད་ཀྱི་ལོ་གསར་སྲུང་བརྩི་ཞུ་རྒྱུར་མཐུན་རྒྱུར་གནང་མཁན་གཙོ་བོ་ནི་རྒྱལ་ས་ཝ་ཞིན་ཀྲོན་དུ་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། ས་གནས་བོད་མི་ཚོ་ཡིན་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་གསར་འགོད་པར་ངོ་སྤྲོད་གནང་བྱུང་།
གོང་ཞུས་ལོ་གསར་གྱི་མཛད་སྟོན་དེར་ཝ་ཤིན་ཀྲོན་ནང་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་ཁག་གི་ལས་བྱེད་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མི་སྣ་སོགས་མགྲོན་འབོད་གནང་ཡོད་པ་མ་ཟད། བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་གཙོས་ས་གནས་ཀྱི་བོད་མིའི་འགོ་ཁྲིད་རྣམས་ཀྱང་མགྲོན་འབོད་གནང་བ་ལྟར་མི་མང་པོ་མཉམ་ཞུགས་གནང་འདུག་ལ། སྐབས་དེར་ས་གནས་བོད་མི་ཚོས་བོད་ཀྱི་གཞས་སྣ་ཞབས་བྲོ་ཁག་གཅིག་ཡང་གཟིགས་འབུལ་གནང་ཡོད་པ་རེད།
ཉེ་བའི་སྤྱི་ཟླ་༢བའི་ཚེས་༨ཉིན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་John Kerryམཆོག་གིས་བོད་ཀྱི་ལོ་གསར་ཐོག་འཚམས་འཕྲིན་ཞིང་ཀྱང་གནང་ཡོད་པ་དེའི་ནང་། བོད་པའི་ས་ཁུལ་ཐེ་བའི་ཧི་མ་ལ་ཡའི་མངའ་ཁུལ་གྱི་མི་མང་ཚོའི་རྒྱལ་རབས་དང་། ཉམས་འགྱུར་ལྡན་པའི་རིག་གཞུང་ལ་ཨ་མི་རི་ཀས་རྟེན་འབྲེལ་ཞུ་བཞིན་ཡོད་ཅེས་དང་། ཁྱེད་རྣམ་པའི་གླུ་གར་དང་བརྙན་རྩོམ། རིག་གནས་ཕུན་སུམ་ཚོགས་པའི་རིག་གཞུང་གི་གཅེས་ནོར་བཟང་པོས་འགྲོ་བ་མི་ཡོངས་ལ་ཕན་ཐོག་ཆེན་པོ་འབྱུང་བཞིན་པར་བརྟེན། ནང་མི་དང་སྤུན་མཆེད་མཉམ་ལོ་གསར་གྱི་དགའ་སྟོན་གནང་བཞིན་པའི་སྐབས་འདིར་ཨ་མི་རི་ཀས་ཀྱང་མཉམ་དུ་གྲོགས་པོ་བཟང་པོའི་འདུ་ཤེས་ཐོག་ནས་ལོ་གསར་སྲུང་བརྩིའི་དགའ་སྟོན་ཞུ་རྒྱུ་ཡིན་ཅེས་གསུངས་ཡོད།
འདི་ལོའི་འདི་ཚེས་༡༨ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་གཞུང་འབྲེལ་ཐོག་བོད་ཀྱི་ལོ་གསར་སྲུང་བརྩི་གནང་བ་ཐེངས་གཉིས་པ་དེ་ཡིན་པ་རེད།
གསར་འགོད་པ་ཀླུ་འབུམ།