ཨ་རི་གཞུང་གིས་ས་ཕག་བོད་ལུགས་ལོ་གསར་ལ་འཚམས་འདྲི།
2019.02.05
ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་མཡེཀ་པོམ་པེའོ་(Mike Pompeo)མཆོག་གིས་ཨ་མི་རི་ཀ་ནི་བོད་མི་དང་ཧི་མ་ལ་ཡའི་རི་རྒྱུད་མི་དམངས་རྣམས་ཀྱི་འགྱུར་མེད་རོགས་ཟླ་དང་གྲོགས་པོ་ཞིག་ཡིན་གསུངས་ནས་བོད་ལུགས་རབ་གནས་ས་ཕག་ལོའི་གནམ་ལོ་གསར་ཚེས་ལ་འཚམས་འདྲི་གནང་འདུག
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་གཞུང་འབྲེལ་དྲ་རྒྱའི་ཐོག་ཕྱི་སྲིད་དྲུང་ཆེ་མཆོག་གི་མཚན་ཐོག་ནས་ཧི་མ་ལ་ཡའི་ལོ་གསར་ལ་འཚམས་འདྲི་ཞེས་བཀོད་སྤེལ་བྱས་པ་དེའི་ནང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་དང་། དེ་བཞིན་འབྲུག་དང་བལ་ཡུལ། རྒྱ་གར། བོད་སོགས་ཀྱི་ནང་གནས་པའི་བོད་མི་ཡོངས་ལ་བོད་ལུགས་ལོ་གསར་པའི་འཚམས་འདྲི་ཡོད་པ་གསུངས་ཤིང་། ད་དུང་གསལ་བསྒྲགས་དེའི་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་ཡོད་པའི་བོད་ཀྱི་ས་ཁུལ་ནང་གནས་པའི་བོད་མི་ཚོ་ཞེས་གསལ་བཏོན་གྱིས་འཚམས་འདྲི་གནང་ཡོད་པ་རེད།