ཧི་མ་ཅཱལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོས་༡༩༨༧ལོའི་སྔོན་ལ་སྐྱེས་བའི་བོད་མི་ཚོར་རྒྱ་གར་གྱི་འོས་འཕེན་རྒྱུའི་ཐོབ་ཐང་ཡོད་པ་གསུངས་འདུག

དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་འཐུས་མི་སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་ལགས་དང་། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་རྣམ་གཉིས་ཀྱིས་རྒྱ་གར་སིམ་ལ་ཁུལ་དུ་གཞུང་འབྲེལ་ཕྱོགས་བསྐྱོད་སྐབས། སྤྱི་ཟླ་༢བའི་ཚེས་༣ ཉིན་རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་(Kuldeep Singh Pathania)་ལགས་དང་མཇལ་མོལ་སྐབས། ཚོགས་གཙོ་མཆོག་གིས་བོད་མི་སུ་ཞིག་རྒྱ་གར་ནང་ཕྱི་ལོ་༡༩༨༧ ལོའི་སྔོན་ལ་སྐྱེས་པ་ཚོར་འོས་ཤོག་འཕེན་རྒྱུའི་ཐོབ་ཐང་ཡོད་རེད་ཅེས་གསུངས་ཡོད་པ་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག་ལ། གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་གསུངས་པ་དེ་ནི་དེ་སྔ་སྤྱི་ལོ་༢༠༡༤ ལོར་རྒྱ་གར་རྒྱལ་ཡོངས་དབུས་སྤྱི་ཁྱབ་འོས་བསྡུ་ལས་ཁུངས་ནས་མངའ་སྡེ་ཚང་མར་བཀོད་ཁྱབ་བཏང་གནང་བའི་ནང་། ཕྱི་ལོ་ ༡༩༥༠ལོའི་རྗེས་དང་། ཕྱི་ལོ་༡༩༨༧ ལོའི་ཕྱི་ཟླ་བདུན་པའི་གོང་རྒྱ་གར་ནང་སྐྱེས་པ་ཚོར་འོས་འཕེན་རྒྱུའི་ཐོབ་ཐང་སྤྲོད་དགོས་ལུགས་མངའ་ཁུལ་སོ་སོའི་འོས་བསྡུ་ལས་ཁུངས་སུ་བཀོད་ཁྱབ་བཏང་གནང་བ་གཞི་ལ་བཞག་པའི་ཐོག་ནས་གསུངས་པ་ཞིག་ཡིན་པ་དང་། དབུས་སྤྱི་ཁྱབ་འོས་བསྡུ་ལས་ཁུངས་ནས་བཀོད་ཁྱབ་དེ་ཡང་ལྷོ་ཕྱོགས་ཀར་ན་ཀྲ་ཀའི་ཁྲིམས་ཁང་གི་བཀོད་ཁྱབ་གཞིར་བཟུང་བཀོད་ཁྱབ་བཏང་བ་ཞིག་ཡིན་འདུག
དེའི་ཐད་རྒྱ་གར་གྱི་ཆབ་སྲིད་གནད་དོན་ཐོག་རྒྱུས་མངའ་ཆེན་པོ་ཡོད་མཁན་བོད་དོན་ལས་འགུལ་བ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ཕྱི་ལོ་༡༩༨༧ལོའི་སྔོན་ལ་རྒྱ་གར་ནང་སྐྱེས་བའི་བོད་མི་ཚོར་རྒྱ་གར་གྱི་འོས་བསྡུའི་ལག་འཁྱེར་ལས་སླ་བོའི་ངང་སྤྲོད་བཞིན་པ་དང་། རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་འཁྱེར་དང་སྐྱབས་བཅོལ་ལག་འཁྱེར་བསྐྱར་གསོ་སོགས་ལ་དཀའ་ལས་ཁག་པོ་ཡོད། དེ་བས་རྒྱ་གར་ནང་གི་བོད་མི་ཚོའི་ཐོབ་ཐང་དང་ལག་འཁྱེར་གྱི་གནས་སྟངས་དེ་མགོ་རྙོག་པོ་ཡོད་པས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་གར་གཞུང་དང་མཉམ་དུ་འབྲེལ་བ་གནང་ནས་ཁ་གསལ་བོ་བཟོ་དགོས་གལ་ཆེན་པོ་ཡིན་པའི་བསམ་ཚུལ་བཏོན་བྱུང་།
གཞན་དེ་སྔ་གསར་འགོད་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་ལ་བཅར་འདྲིའི་སྐབས། དེའི་ཐད་ཟམ་གདོང་རིན་པོ་ཆེ་ཡིས། གནས་ཡུལ་རྒྱལ་ཁབ་ཀྱི་མི་སེར་ཐོབ་ཐང་ལེན་མིན་དོ་བདག་རང་ཉིད་ལ་རག་ལུས་པ་རེད། དེས་བོད་པའི་འཐབ་རྩོད་སྤྱི་ཡོངས་ལ་དོ་ཕོག་ཆེན་པོ་ཐེབས་ཀྱི་མ་རེད། ཡིན་ན་ཡང་གནས་ཡུལ་རྒྱལ་ཁབ་ཀྱི་མི་སེར་ལེན་མཁན་ཚོ་བོད་དོན་རྒྱབ་སྐྱོར་བ་མ་གཏོགས་བོད་མི་ཞིག་ལ་གནས་ཀྱི་མ་རེད་ཅེས་གསུངས་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བའི་ནང་སྤྱི་འཐུས་རྣམ་གཉིས་ཀྱིས་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་མཇལ་བའི་སྐབས་རྒྱ་གར་གཞུང་དམངས་གཉིས་དང་། ལྷག་པར་དུ་ཧི་མ་ཅཱལ་མངའ་སྡེའི་གཞུང་ནས་བོད་མི་ཚོར་མཐུན་འགྱུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་འདུག་ལ། གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལ་གཙོས་པའི་ཧི་མཱ་ཅལ་ནང་གི་བོད་པ་ཚོར་གཟིགས་རྟོགས་གནང་རྒྱུ་མངའ་སྡེ་གཞུང་གི་ལས་འགན་ཡིན་སྐོར་དང་། རྒྱ་ནག་གཞུང་གིས་བོད་ནང་དཀའ་ངལ་བཟོ་བཞིན་ཡོད་པ་དེ་རིམ་གྱིས་རྒྱ་གར་ལའང་ཉེན་ཁ་ཞིག་ཆགས་ཀྱི་ཡོད་སྟབས། རྒྱ་གར་དབུས་དང་ཧི་མཱ་ཅལ་མངའ་སྡེའི་གཞུང་གིས་བོད་པར་རྒྱབ་སྐྱོར་མུ་མཐུད་གནང་ངེས་ཡིན། དེ་བཞིན་ཁོང་ནི་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་གུས་བརྩི་ཆེན་པོ་ཡོད་པས་མ་འོངས་པར་བཞུགས་སྒར་རྡ་རམ་ལ་ལར་བཅར་འདོད་ཡོད་སྐོར་སོགས་གསུངས་ཡོད་འདུག
སྤྱི་འཐུས་རྣམ་གཉིས་ཀྱིས་ཧི་མ་ཅཱལ་མངའ་སྡེའི་གཞུང་གི་སྲིད་སྐྱོང་(Governor Shiv Pratap Shukla)་ལགས་དང་། མངའ་སྡེ་ཁྲལ་བསྡུའི་བློན་ཆེན་སྐུ་ཞབས་(Shri Jagat Singh Negi)་ལགས་བཅས་དང་མཇལ་འཕྲད་ཞུས་འདུག
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།