༧གོང་ས་མཆོག་གིས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པར་འཚམས་འཕྲིན་བསྩལ་འདུག

2022.12.12
༧གོང་ས་མཆོག་གིས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པར་འཚམས་འཕྲིན་བསྩལ་འདུག ༧གོང་ས་མཆོག་དང་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་(Sukhwinder Singh Sukhu)
སྒྲིག་བཟོ།/RFA

ཉེ་ཆར་རྒྱ་གར་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་རྣམས་མི་མང་གིས་འོས་འདེམས་བྱས་པ་བརྒྱུད། ཀོང་རེ་སི་(Congress)་ཆབ་སྲིད་ཚོགས་པ་ལ་ཞབས་སྟེགས་མང་ཤོས་ཀྱི་རྒྱལ་ཁ་ཐོབ་ཏེ། ཆབ་སྲིད་ཚོགས་པ་དེའི་ཚོགས་མི་སྐུ་ཞབས་(Sukhwinder Singh Sukhu)་ལགས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཆགས་ཡུལ་དང་༧གོང་ས་མཆོག་གི་བཞུགས་སྒར་རྡ་རམ་ས་ལ་མངའ་ཁོངས་སུ་ཚུད་པའི་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་བསྐོ་བཞག་དང་འབྲེལ། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ཐུགས་འགན་བཞེས་པའི་དམ་འབུལ་དེ། སྤྱི་ཟླ་༡༢པའི་ཚེས་༡༡ཉིན་གནང་ཡོད་པར་བརྟེན། སྤྱི་ནོར་༧གོང་ས་མཆོག་གིས་ཁོང་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཀྱི་གསུང་འཕྲིན་བཀའ་ཡིག་ཕེབས་ཏེ། འདས་པའི་མི་ལོ་དྲུག་ཅུ་རེ་གཉིས་རིང་། རྒྱ་གར་དུ་༧གོང་ས་མཆོག་རང་གི་ཕ་ཡུལ་ཇི་བཞིན་བཞུགས་མུས་དང་། དམིགས་བསལ་སྤྱི་ལོ་༡༩༦༠ལོ་ནས་བཞུགས་སྒར་རྡ་རམ་ས་ལར་བཞུགས་མུས་ཡིན་པར་བརྟེན། མངའ་སྡེ་འདིའི་བློན་ཆེན་ལ་ང་ཚོའི་སྤྱི་ཁྱབ་བློན་ཆེན་ཞེས་ཐུགས་ཉེ་བོའི་ཐོག་ནས་བཀའ་སྩལ་བཞིན་པ་ལྟར་ད་ལན་ཀྱང་དེ་ལྟར་བཀའ་ཕེབས་ཡོད་པ་སོགས། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་འཆི་མེད་རིག་འཛིན་ལགས་ནས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་བཀའ་ཡིག་དེའི་ནང་མངའ་སྡེའི་མི་མང་རྒན་གཞོན་བར་གསུམ་ནས་༧རྒྱལ་བ་རིན་པོ་ཆེར་སེམས་ཐག་ཉེ་བ་དང་། དགའ་གུས་ཚད་མེད་གནང་མུས་ཐད་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། རྡ་རམ་ས་ལ་གཙོས་པའི་མངའ་སྡེའི་ས་གནས་གང་ས་ཡར་རྒྱས་ཆེན་པོ་ཕྱིན་པ་མུ་མཐུད་ཡར་རྒྱས་ཡོང་བའི་ཐུགས་སྨོན་དང་། ཡུལ་མི་ཉམ་ཐག་གི་བདེ་དོན་ལ་སྤྱི་ཁྱབ་བློན་ཆེན་མཆོག་གིས་དམིགས་བསལ་ཐུགས་ཁུར་བཞེས་པའི་རེ་སྐུལ་གནང་བ་སོགས་ཀྱང་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས་མུ་མཐུད་དེ་འགྲེལ་བརྗོད་གནང་བྱུང་།
དེ་དང་ཕྱོགས་མཚུངས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཀྱང་(Sukhwinder Singh Sukhu)་ལགས་ནས། རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐབས་༡༥པའི་ཐུགས་འགན་བཞེས་པར་འཚམས་འདྲི་ཞུས་པ་དང་ཆབས་ཅིག སྤྱི་ཁྱབ་བློན་ཆེན་ཁོང་གི་ཤེས་འཇོན་ལྡན་པའི་དབུ་ཁྲིད་ཀྱི་འོག་མངའ་སྡེ་འདི་མུ་མཐུད་ནས་ཡར་རྒྱས་ཆེན་པོ་ཡོང་རྒྱུར་གདེང་ཚོད་ཡོད་ཅེས་གསུངས་ཡོད་པ་རེད།
རྒྱ་གར་ཧི་མ་ཅལ་མངའ་སྡེའི་ས་གནས་གྲོས་ཚོགས་ལ་གྲོས་ཚོགས་འཐུས་མི་༦༨ཀྱི་ཞབས་སྟེགས་ཡོད་པ་ལས། གལ་ཏེ། གྲོས་ཚོགས་འཐུས་མི་༣༥ཡི་ཞབས་སྟེགས་ཆབ་སྲིད་ཚོགས་པ་གཅིག་ལ་འཐོབ་ཚེ། ཆབ་སྲིད་ཚོགས་པ་དེ་མངའ་སྡེའི་གཞུང་འཛིན་སྐྱོང་གནང་མཁན་ཆགས་ཀྱི་ཡོད་སྟབས། ཉེ་ལམ་མི་མང་གིས་འོས་འདེམས་བརྒྱུད་གྲོས་ཚོགས་འཐུས་མི་༤༠ཡི་ཞབས་སྟེགས་ཀོང་རེ་སི་ཆབ་སྲིད་ཚོགས་པ་ལ་ཐོབ་པའི་ཉི་མ་གཉིས་ཀྱི་རྗེས་སུ། ཀོང་རེ་སི་ཆབ་སྲིད་ཚོགས་པའི་ཚོགས་མི་སྐུ་ཞབས་(Sukhwinder Singh Sukhu)་ལགས་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་འགན་ཁུར་དམ་བཅའ་བཞེས་ཡོད་པ་རེད།
རྒྱ་གར་ཧི་མ་ཅལ་མངའ་སྡེ་ལ་མི་འབོར་ས་ཡ་བདུན་ལྷག་ཡོད་པ་དང་། དེའི་སྔོན་གྱི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་(Jai Ram Thakur)་ལགས་ཀྱིས་ཉེ་ལམ་ཟླ་༡༢བའི་ཚེས་༤ ཉིན་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་ཆེད་ཕེབས་ཀྱིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎