སྲིད་སྐྱོང་མཆོག་དང་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྣམ་གཉིས་མཇལ་མོལ་གནང་འདུག

སྤྱི་ཟླ་ལྔ་བའི་ཚེས་༩ནས་༡༧བར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་གི་བོད་མི་འདུས་སྡོད་ཀྱི་ས་གནས་ཁག་ཅིག་ཏུ་གཟིགས་ཞིབ་གནང་བཞིན་ཡོད་པ་ལྟར། འདི་ཚེས་༡༡ཉིན་གྱི་ཕྱི་དྲོ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་(Shri Sukhvinder Singh Sukhu)་ལགས་དང་ལྷན་མཇལ་མོལ་གནང་ཡོད་འདུག
དེའི་ཐད་ནང་སྲིད་དྲུང་འཕར་བསྟན་འཛིན་ནོར་བུ་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པས་བཅར་འདྲི་ཞུས་པར། ཁོང་གིས། སྐུ་ཞབས་(Shri Sukhvinder Singh Sukhu)་ལགས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་བསྐོ་བཞག་བྱུང་བའི་རྗེས་སྲིད་སྐྱོང་མཆོག་དང་མཇལ་འཕྲད་གནང་བ་ཐོག་མ་དེ་ཡིན་པར་བརྟེན་གཙོ་བོ་བློན་ཆེན་མཆོག་ལ་འཚམས་འདྲི་ཞུ་རྒྱུ་དེ་རེད། ད་རེས་སྲིད་སྐྱོང་མཆོག་དང་མཇལ་མོལ་གནང་བ་དེ་གནད་འགག་ཆེན་པོར་བརྩི་བཞིན་ཡོད། མཇལ་མོལ་སྐབས་ཧི་མཱ་ཅལ་མངའ་སྡེའི་ནང་བོད་མི་འདུས་སྡོད་ས་གནས་ཁག་བཅུ་བཞི་ཙམ་ཡོད་པའི་བོད་མི་ཚོའི་བདེ་སྡུག་སྐོར་གླེང་ནས་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་གསུངས་བྱུང་།
རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེ་ནང་བོད་མིའི་གཞིས་ཆགས་དང་དགོན་སྡེ། སློབ་གྲྭ་ཁག་མང་པོ་ཡོད་པ་མ་ཟད། བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་དང་། བོད་མིའི་སྒྲིག་འཛུགས་ཆགས་ཡུལ་ཡིན་པས་མངའ་སྡེ་དེ་ནི་མངའ་སྡེ་གཞན་དང་མི་འདྲ་བའི་གནད་འགག་ཆེན་པོ་ཆགས་ཡོད་པ་རེད།
དེ་བཞིན་ཚེས་༡༡ཉིན། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལ་རུ་རྟེན་གཞི་བྱས་པའི་བོད་མིའི་གཞིས་ཆགས་ཁྱབ་ཁོངས་ཁ་འཐོར་བོད་མི་གནས་སྡོད་འཆི་མེད་གླིང་དང་། ཁྲི་སྡེ་གླིང་བཅས་སུ་འཚམས་གཟིགས་དང་། དེ་ཁུལ་མི་མང་ཐུག་འཕྲད་གནང་རྗེས། སིམ་ལ་བོད་མིའི་ཁྲོམ་སར་གཟིགས་སྐོར་ཕེབས་ནས་གནས་སྟངས་རྒྱུས་ལོན་གནང་ཡོད་འདུག
སྲིད་སྐྱོང་མཆོག་དང་ལྷན་སིམ་ལ་སྤྱི་ཁྱབ་པ་ཚེ་དབང་ཕུན་ཚོགས་ལགས་ཀྱིས་གཙོས་པའི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བྱེད། དབུས་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་བསྟན་འཛིན་ནོར་བུ་ལགས་དང་། ཟུང་དྲུང་བཀྲ་ཤིས་བདེ་སྐྱིད་ལགས། ས་འཐུས་ཚོགས་གཙོ་བསྟན་འཛིན་ལགས་བཅས་ལྷན་བཅར་ཞུས་གནང་ཡོད་འདུག
གསར་འགོད་པ། ཀླུ་འབུམ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།