རྒྱ་ནག་དམར་ཤོག་གི་དུས་ཆེན་སླེབས་ལ་ཉེ་བ་དང་བོད་ནང་མངོན་ལྐོག་གཉིས་ཀྱི་ལམ་ནས་དམ་དྲག་ཇེ་ཆེར་བཏང་འདུག

རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་ལ་ཉེ་བའི་སྐབས་འདིར་རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་དང་བོད་མི་མང་པོ་གང་བྱུང་འཛིན་བཟུང་བཙན་ཁྲིད་དང་འདྲི་ཞིབ་སོགས་བྱེད་བཞིན་ཡོད་འདུག
རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་ལ་ཉེ་བའི་སྐབས་འདིར། རྒྱ་ནག་གཞུང་གིས་སི་ཁྲོན་དང་ཀན་སུའུ། མཚོ་སྔོན་བཅས་ཀྱི་བོད་ཀྱི་ས་ཁུལ་ཁག་གི་ནང་། བོད་མི་མང་པོ་གང་བྱུང་འཛིན་བཟུང་བཙན་ཁྲིད་དང་ཉེས་རྡུང་། འདྲི་ཞིབ་སོགས་བྱེད་བཞིན་པ་རེད་འདུག
དེ་ཡང་རིང་མིན་སྤྱི་ཟླ་༧་པའི་ཚེས་༡་ཉིན་མོར་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བར། དུས་དྲན་སྲུང་བརྩི་བྱ་འཆར་བཀོད་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན། སི་ཁྲོན་ཞིང་ཆེན་བཅས་ཀྱི་བོད་མི་འདུས་སྡོད་ཀྱི་ས་ཁུལ་ཁག་ཏུ། སྐད་འཕྲིན་གཙོས་པའི་འབྲེལ་མཐུད་དྲ་ལམ་ཁག་ནང་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་མ་ཟད། ལྷག་པར་བོད་མི་དོགས་ཡོད་ཚོ་གང་བྱུང་ལྐོག་ནས་འཛིན་བཟུང་བཙན་ཁྲིད་དང་འདྲི་ཞིབ། གཅར་རྡུང་བཅས་བྱེད་བཞིན་པ་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་སུ། བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་པ་ངོ་སྤྲོད་གནང་བྱུང་།
ཁོང་གིས། རྒྱ་ནག་གཞུང་གིས་ནམ་རྒྱུན་དུས་དྲན་འདྲ་མིན་སོགས་བྱེད་སྐབས་སུ། རྒྱ་ནག་གཞུང་གི་སྲིད་བྱུས་ལ་མི་འདོད་པའི་རྣམ་འགྱུར་འཛིན་མཁན་དང་། ངོ་རྒོལ་ཡར་ལངས་བྱེད་མཁན་བཅས་སྣ་ཚོགས་ཡོང་གི་ཡོད་པར་བརྟེན། ད་ལོར་ཡང་རྒྱ་ནག་ནང་བོད། ཤིན་ཅང་གི་ས་ཁུལ་བཅས་སུ་དམིགས་བསལ་དམ་དྲག་བྱེད་བཞིན་པར་བརྟེན། བོད་མི་འཛིན་བཟུང་བྱས་པ་ཁག་གི་མིང་དང་ས་གནས་གང་ནས་ཡིན་པ་སོགས། ཐབས་ཤེས་འདྲ་མིན་གྱི་ལམ་ནས་བརྩད་གཅོད་བྱས་ནའང་། དེང་སང་དམ་དྲག་ཧ་ཅང་དམིགས་བསལ་ཡོད་པའི་དབང་གིས། བོད་ནང་གི་བོད་མི་ཚོས་འཇིགས་སྣང་བྱས་ཏེ་དྲ་ལམ་ནས་བཤད་ཕོད་ཀྱི་མི་འདུག་ཅེས་ཀྱང་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཉེ་ལམ་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་འགྲེམས་སྟོན་ཆེན་པོ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཞེས་པའི་ཐོག་ཕྱིན་ཏེ། འདས་ཟིན་པའི་འབད་འཐབ་ཀྱི་ལམ་ལ་ཕྱིར་མིག་ལྟ་རྒྱུ་དང་། མིག་སྔའི་ལམ་ལ་རྒྱང་ལྟ་བྱེད་པར་ཅིས་ཀྱང་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་གང་ལེགས་དང་སྤྱི་སྡོམ་གནད་སྨིན་བྱེད་དགོས་ལ། ཏང་གི་རིན་ཐང་བྲལ་བའི་ཉམས་མྱོང་རྒྱུན་འཛིན་དང་དར་སྤེལ་གང་ལེགས་བྱས་ཏེ། འབད་འཐབ་ཀྱི་བཞུད་ལམ་ཡིད་ནས་མ་བོར་བ་དང་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་སྟེང་དུ་ལེན་པར་འབད་དགོས་པ་སོགས། རྒྱ་ནག་གུང་ཁྲན་ཏང་གི་ལྟ་བ་མུ་མཐུད་མཁྲེགས་འཛིན་གྱི་རྣམ་པ་གསལ་སྟོན་བྱས་ཡོད།
རྒྱ་ནག་དམར་ཤོག་ཚོགས་པ་ནི་སྤྱི་ལོ་༡༩༢༡་ལོར་རྒྱ་ནག་གི་མཁས་པ་ཁྲིན་ཏུ་ཤུ་དང་། ལི་ཏཱ་ཀྲོའོ་སོགས་ནས། ཨུ་རུ་སུ་དམར་ཤོག་གི་ལམ་སྟོན་རོགས་རམ་གྱི་འོག་ནས་གསར་འཛུགས་བྱས་ཡོད་པ་རེད།