རྒྱ་ནག་གཞུང་གིས་ཆོ་འཕྲུལ་སྨོན་ལམ་སྐབས་མི་ཚོགས་འཛོམས་རྒྱུར་དམ་དྲག་བྱེད་ཀྱི་འདུག

དེ་ཡང་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཉིན་འདི་ཚོར་བོད་མདོ་སྨད་དང་མདོ་སྟོད་ཕྱོགས་ཀྱི་ས་ཁུལ་མང་པོར་ལོ་གསར་རྗེས་དགོན་སྡེ་ཁག་ཏུ་རྒྱུན་སྲོལ་གྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་འཚོགས་བཞིན་ཡོང་ཀྱང་། གློ་བུར་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཡུལ་ཚོ་དང་གྲོང་ཚོ་རིམ་པར་བརྡ་ཁྱབ་བཏང་ནས་མི་ཚོགས་འཛོམས་རྒྱུ་དམ་དྲག་སྟངས་འཛིན་བྱས་ཡོད་པ་དང་། བོད་ནས་བོད་མི་ཞིག་གིས་ངོ་སྤྲོད་གནང་བ་ལྟར་ན། ད་ལོ་དགོན་སྡེ་ཁག་ཏུ་སྨོན་ལམ་གྱི་གར་འཆམ་སོགས་ནམ་རྒྱུན་ལྟར་འཚོགས་ཡོད་ཀྱང་དད་ལྡན་མི་མང་འཛོམས་རྒྱུར་བཀག་སྡོམ་བྱས་ནས། རེབ་གོང་རོང་བོ་དགོན་ཆེན་དང་། བླ་བྲང་བཀྲ་ཤིས་འཁྱིལ། ཀླུ་ཆུའི་ཤིས་ཚང་དགོན་དགའ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་། ཀླུ་ཤོད་དགོན། རྔོག་རྒྱལ་མོ་དགོན་བཅས་དགོན་སྡེ་ཁག་མང་པོར་དགོན་པའི་ཉེ་འགྲམ་གྱི་གྲོང་མི་མ་གཏོགས་ཉེ་འཁོར་ས་གནས་གཞན་གྱི་བོད་མི་དད་ལྡན་པ་ཚོ་འཛོམས་རྒྱུར་བཀག་སྡོམ་བྱས་ཡོད་པར་མི་མང་པོས་ཐག་རིང་ནས་གོས་སྐུ་མཇལ་བ་ལས་མི་འཛོམས་ཐུབ་མེད་པ་དང་། དེ་ནི་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་ཆེད་དུ་ཡིན་པ་བཤད་བཞིན་ཡོད་ཀྱང་ས་གནས་སུ་ཏོག་དབྱིབས་ནད་ཡམས་ཀྱི་གནས་ཚུལ་མེད་པའི་སྐབས་འདིར་བཀག་སྡོམ་དེ་ནི་དངོས་ཡོད་གནས་སྟངས་དང་མི་མཐུན་པ་ངོ་སྤྲོད་གནང་བྱུང་།
དེ་འབྲེལ་མཚོ་སྔོན་ཕྱོགས་ཀྱི་སྐུ་འབུམ་དགོན་པ་དང་རེབ་གོང་རོང་བོ་དགོན་པས་བརྡ་ཁྱབ་བཏང་ནས་། རིམས་ནད་སྔོན་འགོག་གི་བླང་བྱ་གཞིར་བཟུང་སྟེ། ཧོར་ཟླ་དང་པོའི་ཚེས་བཅོ་ལྔ་སྤྱི་ཟླ་༢་པའི་ཚེས་༡༥་ཉིན་གྱི་མཆོད་མཇལ་དང་དགོང་མོའི་མེ་ཏོག་མཆོད་པ་སྒོ་འབྱེད་རྒྱུ་མིན་པ་བཀོད་འདུག་པ་མ་ཟད་། ཚེས་༢༠་ཉིན་བར་རོང་བོ་དགོན་པས་ཕྱི་ལ་སྒོ་མི་ཕྱེ་བ་དང་། ཡུལ་སྐོར་སྣེ་ལེན་བྱེད་མཚམས་འཇོག་རྒྱུ་ཡིན་པ་བསྒྲགས་འདུག
གོང་ཞུས་སྐུ་འབུམ་དགོན་པའི་གསལ་བསྒྲགས་དེ་དང་འབྲེལ་སྐུ་འབུམ་དགོན་པའི་མཁན་ཟུར་ཨཀྱཱ་རིན་པོ་ཆེར་བཅར་འདྲི་ཞུས་སྐབས། ཨཀྱཱ་རིན་པོ་ཆེ་ཡིས། ཉེ་བའི་ནང་རྒྱ་ནག་གཞུང་གིས་གང་སར་དམ་དྲག་དང་། ལྷག་པར་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་དམ་དྲག་དང་། སྐད་འཕྲིན་སོགས་སུ་རང་གི་མགོ་པར་ལས་འཁོར་ལོ་དང་མེ་ཏོག་སོགས་གཞན་འཇོག་མི་ཆོག་པ། སྤྱི་ཟླ་གསུམ་པ་ནས་དྲ་ཐོག་ནས་ཆོས་ཁྲིད་སོགས་བྱེད་མི་ཆོག་པ་བཅས་དམ་དྲག་བྱེད་བཞིན་པ་གོ་རྒྱུ་འདུག དེ་ནི་སྤྱི་ཟླ་གསུམ་པའི་ནང་རྒྱ་ནག་གི་ཚོགས་ཆེན་གཉིས་འཚོག་རྒྱུ་ཡིན་པར་བརྟེན་ནས་ཡིན་དང་། ཡང་ན་སྤྱིའི་ཆ་ནས་རྒྱ་ནག་གི་སྲིད་ཇུས་ཇེ་དམ་དུ་འགྲོ་བཞིན་ཡོད་གང་ཡིན་ཤེས་དཀའ་བ་འདུག དེ་མ་གཏོགས་ཏོག་དབྱིབས་ནད་ཡམས་མེད་ས་ནས་སྔོན་འགོག་ཡིན་ཚུལ་གྱིས་གང་སར་དམ་དྲག་བྱེད་དོན་མི་འདུག་སྙམ། ཅེས་གསུངས་བྱུང་།
མདོ་སྨད་དང་མདོ་སྟོད་ཡུལ་ཕྱོགས་ཀྱི་ས་ཁུལ་མང་པོ་ཞིག་རྒྱ་ནག་གི་ལུགས་རྙིང་རྩིས་ལུགས་ལྟར་འགྲོ་བཞིན་ཡོད་སྟབས། ད་ལྟའི་ཆར་སོ་ནམ་ལོ་སར་གྱི་དུས་ཆེན་ལ་འཁེལ་ནས་ལོ་སར་རྗེས་ཆོ་འཕྲུལ་སྨོན་ལམ་འཚོགས་བཞིན་པ་དང་། ནམ་རྒྱུན་ཡིན་ན་ཐག་ཉེ་རིང་གི་དད་ལྡན་པ་སྟོང་ཕྲག་མང་པོ་སོ་སོའི་ས་གནས་ཀྱི་དགོན་པར་འཛོམས་ནས་སྨོན་ལམ་ལ་མཇལ་གྱི་ཡོད་པ་རེད།
ཆོ་འཕྲུལ་སྨོན་ལམ་ཆེན་མོ་ནི། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་མུ་སྟེགས་པའི་སྟོན་པ་དྲུག་རྗེས་འབྲངས་དང་བཅས་པ་ཆོ་འཕྲུལ་གྱིས་ཕམ་པར་མཛད་པས་ཆོ་འཕྲུལ་དུས་ཆེན་དུ་གྲགས་ཤིང་། བོད་དུ་ལོ་ལྟར་བོད་ཟླ་དང་པོའི་ལོ་སར་དགའ་སྟོན་གྱི་རྗེས་སུ་བོད་མི་སེར་སྐྱ་མང་ཚོགས་ཀྱིས་སྨོན་ལམ་འདོན་པ་དང་ཕྱག་འཚལ་སྐོར་སྦྱོང་སོགས་བྱེད་སྲོལ་ཡོད་ལ། ལྷ་སའི་གཙུག་ལག་ཁང་དུ་ཇོ་བོ་རིན་པོ་ཆེས་གཙོས་སྐུ་གསུང་ཐུགས་རྟེན་ལ་འཇལ་ཁ་དང་བྱིན་རླབས་ཞུ་བ། དེ་བཞིན་དུ་རྗེ་སྐུ་འབུམ་དགོན་པར་མེ་ཏོག་མཆོད་པར་མཇལ་བ་སོགས་རྣམ་དཀར་དགེ་སྦྱོར་གྱི་ལས་ལ་བརྩོན་པའི་ལུགས་སྲོལ་ཆགས་ཡོད་པ་རེད།
ལོ་སྔོན་མའི་གནས་ཚུལ་དྲ་ཐག་ནས་གཟིགས་ཐུབ། བླ་བྲང། སྐུ་འབུམ།
གསར་འགོད་པ། སྟག་ལྷ་རྒྱལ། ཀླུ་འབུམ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།