སྐུ་འབུམ་དགོན་པའི་མེ་ཏོག་མཆོད་མཇལ་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱུ་མིན་པ་རེད་འདུག
ད་ལོ་སྐུ་འབུམ་དགོན་པའི་སྨོན་ལམ་ཆེན་མོའི་བཅོ་ལྔའི་མེ་ཏོག་མཆོད་མཇལ་དགོན་པ་ནང་ཁུལ་ནས་མ་གཏོགས་ཕྱི་ཕྱོགས་ལ་མཇལ་ཁ་གཏོང་རྒྱུ་མིན་པ་རེད་འདུག
དེ་ཡང་ཚེས་༢༢ཉིན་སྐུ་འབུམ་ཁུལ་ནས་བོད་མི་ཞིག་གིས་གནས་ཚུལ་བརྗོད་པ་ལྟར་ན། ད་ལོ་སྐུ་འབུམ་དགོན་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་བཅོ་ལྔའི་མེ་ཏོག་མཆོད་པ་དགོན་པ་ནང་ཁུལ་ནས་གྲྭ་ཚང་ཁག་བར་མ་གཏོགས་ཕྱི་ཕྱོགས་ནས་མང་ཚོགས་མཆོད་མཇལ་ཆེད་སྒོ་ཕྱེ་འཆར་མེད་པ་དང་། དེ་བཞིན་ད་ལོའི་སྨོན་ལམ་ཆེན་མོའང་ཕལ་ཆེར་ཕྱི་ལ་སྒོ་འབྱེད་གནང་རྒྱུ་ཁག་པོ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
དེའི་ཐད་ཡང་ཚེས་༢༢ཉིན་སྐུ་འབུམ་བྱམས་པ་གླིང་གི་དོ་དམ་ལྷན་ཁང་ནས་བོད་རྒྱ་ཡིག་རིགས་གཉིས་ནང་བརྡ་ཐོ་སྤེལ་བའི་ནང་དུའང་། ད་ལོ་རྗེ་སྐུ་འབུམ་དགོན་པས་བཅོ་ལྔའི་མེ་ཏོག་མཆོད་པ་ཕྱི་ཕྱོགས་ལ་སྒོ་འབྱེད་བྱེད་རྒྱུ་མིན་པ་དང་། དེ་ནི་དགོན་པའི་ངོས་ནས་རིམས་ནད་སྔོན་འགོག་གི་བླང་བྱ་གཞིར་བཟུང་སྟེ། ཧོར་ཟླ་དང་པོའི་ཚེས་བཅོ་ལྔའི་ཕྱི་ཟླ་༢པའི་ཚེས་༢༦ཉིན་གྱི་མཆོད་མཇལ་དང་དགོང་མོའི་མེ་ཏོག་མཆོད་པ་སྒོ་འབྱེད་རྒྱུ་མིན་པའི་བརྡ་སྦྱོར་འདི་ཆེད་དུ་སྤེལ་བ་ཡིན་པས། རྒྱ་ཆེ་བའི་དད་ལྡན་མང་ཚོགས་དང་ཡུལ་སྐོར་རྣམས་ཀྱིས་ངེས་པར་ཡིད་འཇགས་འཚལ་ཞེས་བརྡ་ཐོའི་ནང་བཀོད་ཡོད་པ་རེད།
ཉེ་ལམ་ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་ནད་ཡམས་རིམ་ནད་སྔོན་འགོག་ཚོད་འཛིན་གྱི་གྲོས་དོན་ལྟར། བརྡ་ཐོ་སྤེལ་ནས་ལོ་སར་སྐབས་ཉིན་༦རིང་ལྷ་སའི་གཙུག་ལག་ཁང་དང་། ཕོ་བྲང་པོ་ཏཱ་ལ། འབྲས་སྤུངས་དགོན་པ་སོགས་སྒོ་རྒྱབ་ནས་མཆོད་མཇལ་དུ་བཏང་མེད་པ་རེད།