རྒྱལ་ས་ལྷ་ས་དང་ནག་ཆུ་སོགས་སུ་རྒྱ་ནག་གཞུང་གིས་དམ་དྲག་ཇེ་ཆེར་བཏང་འདུག

2022.03.09
རྒྱལ་ས་ལྷ་ས་དང་ནག་ཆུ་སོགས་སུ་རྒྱ་ནག་གཞུང་གིས་དམ་དྲག་ཇེ་ཆེར་བཏང་འདུག ལྷ་སའི་ཕོ་བྲང་པོ་ཏཱ་ལའི་མདུན།
Chinese State Media

ཕྱི་ཟླ་༣་ཚེས་༡༠་གསུམ་བཅུའི་དུས་དྲན་དང་འབྲེལ་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་དམག་མི་འགྲེམས་འཇོག་བྱེད་ཤུགས་ཆེ་རུ་བཏང་ཡོད་འདུག་ལ། ལྷ་སའི་ཉེ་འཁྲིས་ཀྱི་སེ་ར་དང་འབྲས་སྤུངས་དགོན་པ་གཉིས་ལ་ཉིན་མཚན་མེད་པར་སྐོར་སྲུང་བྱེད་བཞིན་ཡོད་པ་བོད་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་མི་ཁ་ཤས་ཀྱིས་བརྗོད་བྱུང་།
ལྷག་པར་དུ་ཉེ་ཆར་ཕོ་བྲང་པོ་ཏཱ་ལའི་མདུན་དུ་བོད་ཀྱི་གཞས་པ་གྲགས་ཅན་ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་པའི་དོན་རྐྱེན་བྱུང་རྗེས། ལྷ་སར་དམ་དྲག་ཤུགས་ཆེ་རུ་གཏོང་བཞིན་ཡོད་འདུག་པར་མ་ཟད། ཞིབ་བཤེར་ས་ཚིགས་ཁ་སྣོན་བྱས་ཏེ་ཕར་འགྲོ་ཚུར་འོང་བྱེད་མཁན་ཚོའི་ལག་འཁྱེར་ལ་ཞིབ་བཤེར་ནན་པོ་བྱེད་བཞིན་ཡོད་འདུག

lhasa (1).JPG
འདི་ག་རླུང་འཕྲིན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་ལོ་གསར་གོང་ཙམ་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁུལ་དུ་དམ་དྲག་ཆེན་པོ་ཡོད་པའི་ཐོག་བོད་ཀྱི་རྒྱལ་ས་ལྷ་ས་དང་། དེ་བཞིན་ནག་ཆུ་ཁུལ་དུ་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པས་ཕར་འགྲོ་ཚུར་འོང་བྱེད་མཁན་ཚོའི་ཁྲོད་ཞིབ་བཤེར་ནན་པོ་བྱེད་ཀྱི་ཡོད་འདུག་པར་མ་ཟད། ད་དུང་དྲ་ལམ་བརྒྱུད་ཕན་ཚུན་འབྲེལ་བ་བྱེད་མཁན་དང་སྤྱི་ཚོགས་དྲ་རྒྱའི་ཐོག་གཏམ་བཤད་སྤེལ་མཁན། གནས་ཚུལ་འཇོག་མཁན་སོགས་ཀྱི་ཐོག་དམིགས་བསལ་དོ་སྣང་དང་དམ་དྲག དེ་བཞིན་སོ་ལྟའི་ལས་དོན་སོགས་ཤུགས་ཆེ་རུ་བཏང་ཡོད་འདུག
རྒྱ་ནག་གཞུང་གིས་དམ་དྲག་ལྟ་སྲུང་ཀྱི་ལས་དོན་དེ་དག་བོད་ཀྱི་ལོ་གསར་བག་ཕེབས་ངང་གཏོང་ཐུབ་ཆེད་ཡིན་ལུགས་བརྗོད་བཞིན་ཡོད་ན་ཡང་། གནད་དོན་དབྱེ་ཞིབ་པ་ཚོས་འདི་དག་ནི་ཕྱི་ཚེས་༢༥་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རང་སྲེག་ངོ་རྒོལ་གྱི་གནས་ཚུལ་ཐོན་པའི་རྗེས་སུ་དམ་དྲག་ཆེ་རུ་བཏང་བ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
ལྷག་པར་དུ་ལྷ་སའི་བར་སྐོར་དང་། ཕོ་བྲང་པོ་ཏཱ་ལའི་མདུན་ཐང་སོགས་སུ་དེ་བས་ཞིབ་བཤེར་ནན་པོ་བྱེད་བཞིན་ཡོད་འདུག

lhasa (3).JPG
ཡང་ཚེས་༢༥་ཉིན་ནག་ཆུ་ཁུལ་དུ་དམིགས་བསལ་དམ་དྲག་ཆེ་རུ་བཏང་སྟེ། འགྲུལ་བཞུད་བྱེད་མཁན་རྣམས་ལ་ཞིབ་བཤེར་ནན་པོ་བྱས་འདུག་ལ། དངོས་ཟོག་སྐྱེལ་འདྲེན་མོ་ཀྲ་དང་སྣུམ་སྣོན་ས་ཚིགས་ལ་ཡང་ཞིབ་བཤེར་ནན་པོ་བྱས་འདུག དེ་བཞིན་བོད་ཀྱི་ལོ་གསར་རིང་ནག་ཆུའི་ཁྲོམ་གཞུང་ཆེ་ཁག་ཐོག་ཉེན་རྟོག་པའི་མོ་ཀྲ་རུ་སྒྲིག་གིས་ཉེན་རྟོག་པའི་མོ་ཀྲའི་སྒྲ་དང་བཅས་ཏེ་མང་ཚོགས་ལ་འཇིགས་སྐུལ་གྱི་རྣམ་པ་བསྟན་འདུག ད་དུང་མང་ཚོགས་གནས་སྡོད་ཁུལ་དུ་དྲག་ཆས་སྤྲས་པའི་ཉེན་རྟོག་པ་སྐོར་ཞིབ་སོ་ལྟར་སྐྱོད་མཁན་གང་སར་མཐོང་རྒྱུ་ཡོད་འདུག
དེ་དང་ཕྱོགས་མཚུངས། རྒྱ་ནག་གཞུང་གིས་དབྱེས་པའི་ཟི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ས་ཁུལ་དང་རྔ་བ་བོད་རིགས་རང་སྐྱོང་ས་ཁུལ། ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་དང་མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་རང་སྐྱོང་ས་ཁུལ་ཁག་བཅས་སུ། ཞིབ་བཤེར་ས་ཚིགས་ཇེ་མང་དུ་བཏང་ནས་དམ་དྲག་བྱེད་བཞིན་པའི་ཁར། མི་མང་འདུ་འཛོམས་མི་ཆོག་པ་དང་བསང་གསོལ་གཏོང་མི་ཆོག་པ། སྐད་འཕྲིན་ཚོགས་པ་ཁག་ཏུ་ཞིབ་བཤེར་བྱེད་བཞིན་པ་སོགས། སུད་སིར་ཡོད་པའི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་དང་ཀིརྟི་བྱེས་པ་གྲ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་བཅས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། སྐལ་ལྡན་བློ་གྲོས། སངས་རྒྱས་དཀོན་མཆོག བློ་བྷེ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎