རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་ཇེ་ཆེར་བཏང་བ་ནི་བོད་མི་ཚོའི་ངོ་རྒོལ་རིགས་འགོག་ཐབས་ཆེད་རེད་ཟེར།
དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་ཇེ་ཆེར་བཏང་བ་ནི་བོད་མི་ཚོའི་ངོ་རྒོལ་ལས་འགུལ་རིགས་འགོག་ཐབས་ཆེད་ཡིན་པ་དབྱིན་ཡུལ་བོད་རང་དབང་ཚོགས་པས་བརྗོད་འདུག
དེང་སྐབས་བོད་ནང་རྒྱ་ནག་གཞུང་གིས་དམ་དྲག་གི་ལས་དོན་ཤུགས་ཆེ་རུ་གཏོང་བཞིན་པ་ནི་རིང་མིན་ཕྱི་ཟླ་བདུན་པའི་ནང་རྒྱ་ནག་དམར་ཤོག་ཚོགས་པ་འགོ་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་དུས་དྲན་སྐབས། བོད་མི་རྣམས་ཀྱིས་རྒྱའི་བཙན་དབང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མི་ཐུབ་པའི་ཆེད་དུ་ཡིན་པ་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་བོད་རང་དབང་ཚོགས་པས་གསུང་འདུག
དེ་ཡང་བོད་རང་དབང་ཚོགས་པས་ཕྱི་ཚེས་༢༥་ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཕྱི་ལོ་༢༠༠༨་ལོར་རྒྱ་ནག་ནང་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་གྱི་དུས་སྐབས་དེར། བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གི་བཙན་དབང་ལ་ངོ་རྒོལ་གཞི་རྒྱ་ཆེན་པོ་བྱས་བའི་རྗེས། རྒྱ་ནག་གཞུང་གིས་བོད་མིའི་ཐོག་ཧ་ཅང་གི་དམ་དྲག་ཆེ་བའི་ལས་དོན་སྤེལ་འགོ་བཙུགས་པ་ནས་བཟུང་། བོད་ནང་རྒྱ་ནག་གི་བཙན་གནོན་སྐོར་གྱི་གནས་ཚུལ་ཐོན་རྒྱུ་ཧ་ཅང་གི་དཀའ་བའི་རང་བཞིན་ཆགས་ནའང་བོད་ནང་བཙན་གནོན་གྱི་གནས་ཚུལ་མུ་མཐུད་ཐོན་མུས་ཡིན་པའི་སྐོར་གསུང་ནས། དཔེར་ན། འདི་ལོ་ཕྱི་ཟླ་བཞི་པའི་ནང་ནག་ཆུ་སོག་རྫོང་ནང་ཁྱིམ་བདག་ཕ་མ་ཚོ་སློབ་གྲྭའི་ར་བའི་ནང་ཡོང་སྐབས། མ་ནི་ལག་འཁོར་དང་ཕྲེང་བ་འཁྱེར་མི་ཆོག་པའི་དམ་དྲག་བྱས་པ་ཙམ་མ་ཟད། སློབ་གྲྭ་ཁག་གི་ནང་ནང་ཆོས་སློབ་སྤེལ་བྱེད་མི་ཆོག་པའི་དམ་དྲག་བྱས་ཡོད་པའི་སྐོར་གསར་འགོད་གསལ་བསྒྲགས་དེའི་ནང་བཀོད་གནང་ཡོད་པ་རེད།
དེ་བཞིན་འདི་ལོ་ཕྱི་ཟླ་ལྔ་པའི་ནང་། བོད་ཀྱི་རྒྱལ་ས་ལྷ་སའི་ནང་གི་དགོན་སྡེ་ཁག་ལྔའི་དགེ་འདུན་པ་དང་། བཙུན་མ་རྣམས་ལ་བཙན་དབང་ཐོག་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བ་དང་ཁྲིམས་ལུགས་ཐོག་རྒྱུགས་སྤྲོད་གཏོང་བཅུག་པ་དེ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ལམ་སྲོལ་དང་འགལ་བ་དང་དམར་ཤོག་གི་ཆབ་སྲིད་ཀྱི་ཤུགས་རྐྱེན་སྤྲོད་ཐབས་ཀྱི་སྲིད་བྱུས་ཆགས་ཡོད་པ། ཡང་ཉེ་བའི་དུས། བོད་ནང་གི་རྡོ་རྗེ་བྲག་དགོན་པའི་དགེ་འདུན་པ་དང་བཙུན་མ་རྣམས་ལ་བཙན་དབང་ཐོག་རྒྱ་ནག་དམར་ཤོག་ཚོགས་པར་རྒྱབ་སྐྱོར་གྱི་འཕྲེད་དར་སྟེང་མིང་རྟགས་བཀོད་དུ་བཅུག་པ་མ་ཟད། རྒྱ་ནག་གུང་ཁྲན་ཏང་གི་སློབ་གསོའི་ལས་དོན་ནང་ཞུགས་བཅུག་ཡོད་པ་སོགས་ཐེར་འདོན་བྱས་འདུག