འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་དབུ་ཁྲིད་ཚོར་བོད་ནང་གི་ཛ་དྲག་གནས་སྟངས་གླེང་དགོས་འབོད་སྐུལ་ཞུས་འདུག
དེ་ཡང་མི་རིང་བའི་ཕྱི་ཟླ་དགུ་པའི་ཚེས་༩ནས་༡༠བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕྱི་ལོ་༢༠༢༣ ལོའི་དཔལ་འབྱོར་ཡར་ཐོན་ཅན་གྱི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་(G20)་དབུ་ཁྲིད་རྣམ་པའི་ཚོགས་ཆེན་དེ་རྒྱ་གར་གཞུང་གི་མགྲོན་བདག་འོག་འཚོགས་འཆར་ཡོད་པ་ལྟར། སྐབས་དེར་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པས། རྒྱ་ནག་གཞུང་གིས་བོད་ནང་གི་བོད་ཕྲུག་ཚོ་བཙན་ཤེད་ཀྱིས་གཏན་སྡོད་སློབ་གྲྭར་བཅུག་ནས་མི་རིགས་ཀྱི་ངོ་བོ་བསྒྱུར་ཐབས་བྱས་དང་བྱེད་མུས་ཀྱི་གནས་སྟངས་ཐད་གླེང་སློང་དགོས་པ་ཨོསི་ཊརེ་ལི་ཡའི་(Australia)་བོད་དོན་ལྷན་ཚོགས་ཀྱིས་སྔ་ས་ནས་འབོད་སྐུལ་ཞུས་ཡོད་པ་དང་། འབོད་སྐུལ་དེ་ཨོསི་ཊརེ་ལི་ཡའི་གཞུང་ལ་ཞུས་སྐབས་ཞུ་གཏུག་ཐོག་མཚན་རྟགས་རྒྱབ་ནས་རྒྱབ་སྐྱོར་ཞུ་མཁན་༣༥༠༠ ལྷག་བྱུང་འདུག འབོད་སྐུལ་དེའི་ནང་རྒྱ་ནག་དམར་ཤོག་གཞུང་གིས་བོད་ཀྱི་བྱིས་པ་ཚོའི་སྟེང་དངངས་འཚབ་སྐྱེ་གཞིའི་ལས་གཞི་དེ་གཏན་འབེབས་ཀྱིས། ལོ་ན་བཞི་ནས་བཅོ་བརྒྱད་བར་གྱི་བོད་ཕྲུག་ས་ཡ་གཅིག་ལ་ཉེ་བ་བཙན་ཤེད་ཀྱིས་རྒྱ་ནག་གཞུང་གིས་གཉེར་བའི་གཏན་སྡོད་སློབ་གྲྭ་ཁག་ཏུ་བཅུག་ནས་ཁོང་ཚོའི་ཕ་མ་ཁ་ཐག་རིང་ས་ནས་བོད་ཀྱི་སྐད་ཡིག་དང་གོམས་གཤིས་བཅས་པ་བོད་དང་འབྲེལ་བ་མེད་པ་བཟོ་བཞིན་ཡོད་པ་མ་ཟད། བོད་ཡིག་སློབ་ཁྲིད་བྱེད་སའི་བོད་མིའི་སྒེར་བཙུགས་སློབ་གྲྭ་ཁག་སྒོ་རྒྱག་ཏུ་བཅུག་ཡོད་པའི་རྐྱེན་གྱིས། རྒྱ་ནག་གི་ལས་འཆར་དེ་ནི་བོད་མིའི་ངོ་བོ་རྩ་མེད་བཟོ་ཐབས་རང་ཡིན་པ་གསལ་སྟོན་བྱས་འདུག
བོད་ནང་གི་གཏན་སྡོད་སློབ་གྲྭ་ཁག་གི་གནས་སྟངས་ཐད་ཉམས་ཞིབ་གནང་མཁན་སློབ་དཔོན་ཆེན་མོ་རྒྱལ་ལོ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཀྱི་ཕ་མ་དང་ཕྲུ་གུ་ཁ་ཁར་བཏང་ནས། བོད་ཕྲུག་ཚོའི་རྒྱུད་ལ་ཆུང་དུས་ནས་རྒྱ་ནག་གི་སྐད་ཡིག་དང་རིག་གཞུང་བཞག་སྟེ་བོད་ཀྱི་རིག་གཞུང་དང་གོམས་གཤིས་ལ་ཆ་རྒྱུས་མེད་པར་བཟོ་གི་ཡོད་པ་རེད་ཅེས་གསུང་ཡོད་པ་རེད།
ཨོསི་ཊརེ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱིས། ང་ཚོའི་ངོས་ནས་གོང་ཞུས་གནས་སྟངས་དེ་དག་བཀག་འགོག་ཆེད་སྟོབས་ཆེན་རྒྱལ་ཁབ་(G20)་ཚོགས་ཆེན་སྟེང་། རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་ཕྲུག་ཚོ་བཙན་ཤེད་ཀྱིས་གཏན་སྡོད་སློབ་གྲྭར་བཅུག་པའི་གནས་སྟངས་དེ་བཞིན་ཚོགས་ཆེན་གྱི་གྲོས་གཞིའི་ལས་རིམ་ཁྲོད་བཅུག་ནས་གླེང་སློང་གནང་དགོས་བ་དང་། རྒྱ་ནག་གཞུང་ལ་གཏན་འཇགས་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་བའི་སྐུལ་འདེད་བྱེད་པར་འབོད་སྐུལ་ཤུགས་ཆེན་ཞུ་གི་ཡོད་པ་བརྗོད་འདུག
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།