ཨོསི་ཊརེ་ལི་ཡ་གཞུང་གི་ངོས་ནས་རྒྱ་གཞུང་གི་བྱ་སྤྱོད་ངོས་ཟིན་པའི་ཐོག་བོད་དོན་རྒྱབ་སྐྱོར་དགོས་བའི་འབོད་སྐུལ་ཞུས་འདུག

དེ་ཡང་ཨོསི་ཊརེ་ལི་ཡ་བོད་དོན་ལྷན་ཚོགས་(Australia Tibet Council)་ཞེས་པས་གོ་སྒྲིག་ཞུས་པའི་བོད་དོན་ཞུ་གཏུག་ཐེངས་བཅུ་གཅིག་པ་དེ། འདི་ཚེས་༢༡ཉིན་ཉིན་ནས་ཉིན་གྲངས་གཉིས་རིང་གནང་བཞིན་པ་དང་། བོད་དོན་ཞུ་གཏུག་དེའི་ཆེད་དུ་ཨོསི་ཊརེ་ལི་ཡ་ཁྱོན་ཡོངས་ནས་བོད་མིའི་སྐུ་ཚབ་༡༥དང་ཨོསི་ཊརེ་ལི་ཡ་བོད་དོན་ལྷན་ཚོགས་ཀྱི་ཚོགས་མི་དྲུག་བཅས་ཨོསི་ཊརེ་ལི་ཡའི་རྒྱལ་ས་ཁན་བྷི་རར་ཕྱི་ཟླ་༡༡ཚེས་༢༡ཉིན་འཛོམས་ནས། ཨོསི་ཊརེ་ལི་ཡའི་སྲིད་དོན་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་གོང་འོག་གི་འཐུས་མི་ཚོར་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་གནང་བཞིན་པ་རེད།
ཞུ་གཏུག་ལས་འགུལ་ཉིན་དང་པོའི་སྐབས་ཞུ་གཏུག་པ་ཚོས་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་༣༠ལྷག་ལ་བོད་ནང་གི་ད་ལྟའི་གནས་སྟངས་ངོ་སྤྲོད་དང་འབྲེལ། བོད་དོན་ལ་རྒྱབ་སྐྱོར་དང་བོད་དོན་ལ་ཁ་ཡོད་ལག་ཡོད་ཀྱི་དགེ་ཕན་བསྒྲུབ་རྒྱུར་རེ་སྐུལ་ཞུས་ཡོད་པ་ཨོསི་ཊརེ་ལི་ཡ་རྒྱལ་ཡོངས་བོད་རིགས་ཚོགས་པའི་ཚོགས་གཙོ་སྐལ་བཟང་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གནང་བྱུང་ལ། ད་ལོའི་ཞུ་གཏུག་གི་ལས་འགུལ་འདིའི་དགོས་འདུན་དོན་ཚན་འགའ་ཡོད་པའི་ཁོངས་ནས། གཙོ་ཆེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་༧སྐུའི་ཡང་སྲིད་ཐད་རྒྱ་ནག་གཞུང་གིས་ཐེ་ཇུས་མེད་པར་བོད་ཀྱི་ཀྱི་སྲོལ་རྒྱུན་ལྟར་སྐུའི་ཡང་སྲིད་ངོས་འཛིན་ལམ་ལུགས་སྲུང་སྐྱོབ་དང་རྒྱབ་སྐྱོར་ཡོང་བའི་རེ་འབོད་ཞུས་ཡོད་པ་རེད་འདུག
ཨོསི་ཊརེ་ལི་ཡའི་ལྗང་ཁུ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་(Janet Rice)་ལགས་ཀྱིས་བོད་དོན་ཞུ་གཏུག་སྐབས་གྲོས་ཚོགས་ནང་། བོད་མིའི་སྐུ་ཚབ་རྣམས་ལ་ཆེ་མཐོང་ངོས་འཛིན་གནང་བ་དང་སྦྲགས། བོད་མིའི་སྐུ་ཚབ་རྣམས་ཀྱིས་ཆབ་སྲིད་ཚོགས་པ་རིས་མེད་ཀྱི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་ནས་བོད་ནང་ཞི་བདེ་དང་། རང་དབང་། འགྲོ་བ་མིའི་ཐོབ་ཐང་ཆེད་ཞུ་གཏུག་གནང་བཞིན་པ་འདི་གལ་ཆེན་རེད་ཅེས་དང་། དེ་བཞིན་གྲོས་ཚོགས་ནང་བོད་ཀྱི་གནས་སྟངས་དང་། གར་སོང་ཆ་མེད་དུ་གྱུར་བའི་པཎ་ཆེན་རིན་པོའི་ཆེ་གནས་སྟངས། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མ་འོངས་ཡང་སྲིད་ཀྱི་སྐོར། བོད་ཀྱི་སྲོལ་རྒྱུན་གོམས་གཤིས་དང་། ཆོས་དང་རིག་གཞུང་བཅས་བ་ཉེན་ཁའི་གནས་སུ་ཡོད་པ་སོགས་ངོ་སྤྲོད་དང་འབྲེལ། ཨོསི་ཊརེ་ལི་ཡ་གཞུང་གི་ངོས་ནས་རྒྱ་གཞུང་གི་བྱ་སྤྱོད་དེ་དག་ངོས་ཟིན་པའི་སྒོ་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དགོས་ངེས་ལ་བརྟེན་བོད་དོན་རྒྱབ་སྐྱོར་གནང་དགོས་བའི་འབོད་སྐུལ་ནན་པོ་ཞུ་གི་ཡོད་ཅེས་གསུངས་གནང་འདུག
ཚོགས་གཙོ་སྐལ་བཟང་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རེས་གཟའ་ཟླ་བའི་ཞུ་གཏུག་ཉིན་དང་པོར་གྲོས་ཚོགས་གོང་འོག་གི་འཐུས་མི་༣༠དང་དེ་བཞིན་ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་བཅས་ལ་མཇལ་འཕྲད་གནང་བ་དང་། རེས་གཟའ་མིག་དམར་ཉིན་ཞུ་གཏུག་གི་ལས་འགུལ་མུ་མཐུད་མཇུག་སྐྱོང་གནང་རྒྱུ་ཡིན་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་ཨོསི་ཊརེ་ལི་ཡའི་ངོས་ནས་རྒྱ་ནག་གཞུང་དང་མཉམ་གླེང་སློང་བྱེད་རྒྱུ་དང་། ཆབ་སྲིད་དབུ་ཁྲིད་རྣམ་པའི་བར་མཇལ་མོལ་གནང་སྐབས་སུ། ཨོསི་ཊརེ་ལི་ཡའི་མི་སེར་ཡིན་པའི་བོད་མི་ཚོའི་རེ་འབོད་རྒྱ་ནག་གཞུང་ལ་ངོ་སྤྲོད་བྱེད་འཇུག་རྒྱུ་ཡིན་ཞེས་ཨོསི་ཊརེ་ལི་ཡ་བོད་དོན་ལྷན་ཚོགས་ཀྱིས་ཞུ་གཏུགས་ཀྱི་དགོས་དམིགས་འགྲེལ་བརྗོད་གནང་འདུག
ད་རེས་ཨོསི་ཊརེ་ལི་ཡའི་བོད་དོན་ཞུ་གཏུག་ལས་འགུལ་བ་ཚོས། ༧གོང་ས་མཆོག་གི་མ་འོངས་ཡང་སྲིད་སྐོར་དང་། བོད་ནང་ཕར་འགྲོ་ཚུར་འོང་གི་གྲོས་འཆར་འཇོག་རྒྱུ་སོགས་དགོས་འདུན་དོན་ཚན་ལྔ་བཏོན་ཡོད་པ་རེད།
གསར་འགོད་པ། སྟག་ལྷ་རྒྱལ། ཀརྨ་རྒྱ་མཚོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།