ཨོསི་ཊརེ་ལི་ཡའི་རི་སྔོན་པོ་གྲོང་ཁྱེར་དཀྱིལ་དབུས་སུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་གནང་འདུག

དེ་ཡང་ཨོསི་ཊརེ་ལི་ཡའི་(Australia)་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་ཕྱི་ཟླ་གཉིས་པའི་ཚེས་བཅུ་གཉིས་ཉིན་ནས་ཉིན་གྲངས་གཉིས་རིང་། ཨོསི་ཊརེ་ལི་ཡའི་(Australia) སྦུལུ་མའོན་ཊེན་ (Blue Mountain)མངའ་ཁུལ་དུ། གཞོན་སྐྱེས་ཚོ་ལ་ཆེད་དུ་དམིགས་ནས་ཨོསི་ཊརེ་ལི་ཡའི་ས་གནས་ཁག་དྲུག་ནས་བོད་རིགས་གཞོན་སྐྱེས་༣༠ཙམ་མཉམ་འཛོམས་ཀྱི་ཐོག་བོད་དོན་དང་འབྲེལ་བའི་ཟབ་སྦྱོང་འཚོགས་ཡོད་པ་དང་། དེའི་རིང་ཨོསི་ཊརེ་ལི་ཡའི་ སྦུལུ་མའོན་ཊེན་ (Blue Mountain City Council) གྲོང་ཁྱེར་སྤྱི་ཁྱབ་ལྷན་ཁང་གིས་རྒྱབ་སྐྱོར་གནང་ཐོག་ས་གནས་བོད་མི་རྣམས་ཀྱིས་རྒྱལ་སའི་དཀྱིལ་ལ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་ཉིན་གྲངས་གསུམ་རིང་བསྒྲེངས་འཛུགས་ཞུས་འདུག་པས་དེ་ཡིས་ས་གནས་ཡུལ་མི་རྣམས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་མཚོན་པ་གནང་འདུག
སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་རེས་ཟབ་སྦྱོང་འདུ་འཛོམས་ནི་གཞོན་སྐྱེས་ཚོ་ལ་ཆེད་དུ་དམིགས་ནས་ཨོསི་ཊརེ་ལི་ཡའི་ས་གནས་ཁག་དྲུག་ནས་བོད་རིགས་གཞོན་སྐྱེས་༣༠ཙམ་མཉམ་འཛོམས་ཀྱི་ཐོག་ནས་བོད་དོན་ཞུ་གཏུག་གནང་ཕྱོགས་དང་གཞོན་སྐྱེས་ཚོས་བོད་དོན་ཆེད་འགན་འཁུར་ལེན་ཐུབ་ཆེད་འགོ་ཁྲིད་ནུས་པ་བསྐྱེད་སྲིང་གི་ཟབ་སྦྱོང་གི་ལས་རིམ་ཞིག་ཡིན་པ་ངོ་སྤྲོད་གནང་བྱུང་།
ཟབ་སྦྱོང་གི་ཉིན་གཉིས་པར་མཉམ་ཞུགས་པ་རྣམས་ཆ་བགོས་བྱས་ནས་ཕྱི་ལོ་ ༢༠༢༥ དང་ ༢༠༢༦ ལས་འཆར་ཐོག་གྲོས་བསྡུར་དང་གྲོས་ཆོད་གཏན་འབེབས་གནང་ཡོད་པ་དང་། ས་གནས་སོ་སོའི་ནང་གཞོན་སྐྱེས་ཚོ་བོད་དོན་ལས་འགུལ་ནང་མཉམ་ཞུགས་དང་ཞུ་གཏུག་གི་ནུས་པ་ཆེ་རུ་གཏོང་རྒྱུ་མིས་མཐུན་བྱུང་ཡོད་འདུག་ལ་མཐར་ས་གནས་དང་རྒྱལ་ཡོངས་འབྲེལ་མཐུད་པ་གསར་པ་འོས་འདེམས་གནང་ཡོད་འདུག
སྦྱོང་བརྡར་སྐབས་སློབ་སྟོན་པའི་གྲས་སུ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་དང་། སྤྱི་ཟུར་གདོང་འདུས་སྐྱིད་འཛོམས་ལགས། ཨོསི་ཊརེ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ཛོ་བྷེཌ་ཕོཌ་ལགས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གི་འགན་འཛིན་ཟུར་པ་ཚེ་རིང་མཚོ་མོ་ལགས་བཅས་ཡོད་པ་རེད།།
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།