ཨོསི་ཊརེ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱིས་སྣེ་ཁྲིད་དེ་བོད་མིའི་འཐབ་རྩོད་དང་གནས་སྟངས་སོགས་ལ་རྒྱུས་ལོན་བྱེད་བཞིན་འདུག

ཨོསི་ཊརེ་ལི་ཡའི་བོད་དོན་ལྷན་ཚོགས་(Australia Tibet Council)་ཀྱི་སྣེ་ཁྲིད་འོག ཉིན་གྲངས་བཅུ་གཅིག་རིང་ཨོསི་ཊརེ་ལི་ཡའི་(Australia)་མི་སེར་ཁག་ཅིག་བཙན་བྱོལ་བོད་མིའི་ཆོས་སྲིད་ཀྱི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་གཟིགས་སྐོར་དུ་ཁྲིད་དེ། བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཚོར་མཇལ་འཕྲད་དང་ལྷན་ཁང་ཁག་དང་ལྟེ་གནས་ཁག་ལ་གཟིགས་ཞིབ། བཙན་བྱོལ་བོད་མི་ཚོའི་འཚོ་བ་རོལ་སྟངས་དང་བོད་དོན་འཐབ་རྩོད་ལ་རྒྱུས་ལོན་སོགས་གནང་བཞིན་པ་དང་། སྤྱི་ཟླ་༡༠པའི་ཚེས་༤ཉིན་ཁོང་ཚོས་བོད་ཀྱི་སྨན་རྩིས་ཁང་དུ་རྟོག་ཞིབ་གནང་སྐབས། ཨོསི་ཊརེ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱི་ཚོགས་གཙོ་(Zoe Bedford)་ལགས་ཀྱིས། ཨོསི་ཊརེ་ལི་ཡའི་བོད་དོན་ལྷན་ཚོགས་ནི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་ཡིན་པ་དང་། བོད་མིའི་རང་དབང་དང་ཐོབ་ཐང་གི་ཆེད་ལས་དོན་སྒྲུབ་ཀྱི་ཡོད་པས། ད་རེས་འདི་གར་ཨོསི་ཊརེ་ལི་ཡའི་ཡུལ་མི་ཁག་ཅིག་ཁྲིད་ཡོང་ནས། དམིགས་བསལ་བོད་མིའི་རང་དབང་འཐབ་རྩོད་དང་རིག་གཞུང་བསྐྱར་གསོ་སོགས་ཀྱི་སྐོར་རྒྱུས་ལོན་བྱ་བཞིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཨོསི་ཊརེ་ལི་ཡའི་མེལ་སྦོམ་ནས་རྡ་རམ་ས་ལར་གཟིགས་སྐོར་དུ་ཡོང་བ་(Kym Croft)་ལགས་ཀྱིས། ད་རེས་བཞུགས་སྒར་དུ་ཡོང་སྟེ་བོད་ཀྱི་ཆོས་དང་རིག་གཞུང་གོམས་གཤིས་ལ་ངེས་ཤེས་ཟབ་མོ་རྙེད་པ་མ་ཟད། ༧གོང་ས་མཆོག་གི་བཀའ་དབང་ཞུ་རྒྱུའི་སྐལ་བ་ལྡན་པ་ནི་ང་ཚོ་བསོད་ནམས་ཆེན་པོར་ཚོར་སོང་། མདོར་ན་ས་ཆ་འདིར་ཉམས་མྱོང་གང་མང་བྱུང་བར་བརྟེན་ནས་ང་རང་ཧ་ཅང་སྐྱིད་པོ་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ཨོསི་ཊརེ་ལི་ཡའི་རྒྱལ་ས་ཁན་སྦི་ར་གྲོང་ཁྱེར་ནས་ཡིན་པ་ཇེ་མོ་རན་ལགས་ནས། བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་རྣམ་པར་ཐུག་འཕྲད་དང་ལྷན་ཁང་དང་ཚོགས་སྡེ་ཁག་ལ་གཟིགས་ཞིབ། ལྷག་པར་༧གོང་ས་མཆོག་གི་བཞུགས་སྒར་ཕོ་བྲང་བཅས་ལ་བལྟ་སྐོར་གྱི་བསྐལ་བ་ལྡན་པ་ནི་བསོད་ནམས་ཆེན་པོ་དང་། ཉམས་མྱོང་དམིགས་བསལ་དང་བོད་ཀྱི་གནས་བབ་དང་རིག་གཞུང་སྐོར་རྒྱུས་ལོན་གྱི་གོ་སྐབས་ཡག་པོ་ཞིག་ཡིན་པར་བརྟེན། བོད་ནང་གནས་ཚུལ་ཅི་བྱུང་དང་འབྱུང་བཞིན་པ་གང་འཚམས་ཡག་པོ་ཤེས་སོང་ན། ཨོསི་ཊརེ་ལི་ཡར་ཕྱིར་ལོག་རྗེས་བོད་དོན་སྐོར་གང་ཐུབ་རྒྱབ་སྐྱོར་ཐུབ་རེ་བྱེད་བཞིན་པ་བརྗོད་བྱུང་།
ཨོསི་ཊརེ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱིས་འདས་པའི་ལོ་བཅུ་ཐམ་པའི་ནང་ལོ་རེ་བཞིན་བོད་དོན་གོ་རྟོགས་སྤེལ་ཆེད། བཞུགས་སྒར་དུ་གཟིགས་སྐོར་ཚར་རེ་གནང་རྒྱུ་གོ་སྒྲིག་ཞུས་ཡོད་པའི་ཁར། བོད་དོན་རྒྱབ་སྐྱོར་ཚོགས་པ་དེས་དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་བོད་ཕྲུག་ས་ཡ་གཅིག་ལྷག་རྒྱ་ནག་གི་བཅའ་སྡོད་སློབ་གྲྭར་བཅུག་ནས་མི་རིགས་རྒྱ་བསྒྱུར་བྱེད་བཞིན་དེ་ལ་ངོ་རྒོལ་ལས་འགུལ་དང་། ཨོསི་ཊརེ་ལི་ཡ་གཞུང་གིས་འབྱུང་འགྱུར་༧གོང་ས་མཆོག་གི་ཡང་སྲིད་རྒྱ་ནག་གིས་ངོས་འཛིན་བྱས་ཚེ་ངོ་རྒོལ་ཡོང་ཐབས། བོད་ནང་ཁོར་ཡུག་སྲུང་སྐྱོབ་ལ་རྒྱབ་སྐྱོར་ཡོང་ཐབས་སོགས་ཀྱི་བོད་དོན་ལས་འགུལ་སྤེལ་བཞིན་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཆོས་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།