ཨོསི་ཊརེ་ལི་ཡའི་སིཌ་ནི་ནང་གི་བོད་མི་ཚོས་མུ་མཐུད་དུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་སྡོད་གནས་མགྲོན་ཁང་མདུན་ངོ་རྒོལ་གནང་འདུག

2024.03.21
ཨོསི་ཊརེ་ལི་ཡའི་སིཌ་ནི་ནང་གི་བོད་མི་ཚོས་མུ་མཐུད་དུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་སྡོད་གནས་མགྲོན་ཁང་མདུན་ངོ་རྒོལ་གནང་འདུག ཨོསི་ཊརེ་ལི་ཡའི་སིཌ་ནི་ནང་གི་བོད་མི་ཚོས་མུ་མཐུད་དུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་སྡོད་གནས་མགྲོན་ཁང་མདུན་དུ་ངོ་རྒོལ་གནང་སྐབས། ༠༣།༢༡།༢༠༢༤
Tibetan community of Australia NSW Inc

ཟླ་བ་འདིའི་ཕྱི་ཚེས་༢༡་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་ཨོསི་ཊརེ་ལི་ཡའི་(Australia)་གྲོང་ཁྱེར་སིཌ་ནིའི་ནང་གི་(Shangrila)་མགྲོན་ཁང་དུ་འབྱོར་གྱི་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས། ཨོསི་ཊརེ་ལི་ཡའི་སིཌ་ནི་བོད་རིགས་སྤྱི་མཐུན་ཚོགས་པས་བོད་མི་རྣམས་ལ་བརྡ་ལན་གནང་བ་གཞིར་བཟུང་། སིཌ་ནི་ཁུལ་དུ་གནས་སྡོད་བོད་མི་བརྒྱ་ཕྲག་བརྒལ་བ་ཞིག་མགྲོན་ཁང་དེའི་མདུན་དུ་འཛོམས་ནས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་ལ་བོད་ནང་གི་བོད་མི་ཚོར་རང་དབང་སྤྲོད་དགོས་བ་དང་། རྒྱ་ནག་གཞུང་གིས་བོད་ནང་དྲག་མནོན་བྱེད་རྒྱུ་མཚམས་འཇོག་དགོས་བ་སོགས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ། ཨོསི་ཊརེ་ལི་ཡ་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དང་སིཌ་ནི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་གཅིག་ལྕོགས་པ་རྔ་པ་ཆོས་འཛིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།

tibetan protest in australia1.JPG
ཚེས་༢༠ཉིན་ཨོསི་ཊརེ་ལི་ཡའི་(Australia)་ཕྱི་སྲིད་བློན་ཆེན་པེ་ནི་ཝོང་(Penny Wong)་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་(Wang Yi)་མཇལ་འཕྲད་གནང་གྲུབ་མཚམས་ཨོསི་ཊརེ་ལི་ཡའི་ཕྱི་སྲིད་ལྷན་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་དྲི་བར་ཡིག་ཐོག་ལན་འདེབས་གནང་པའི་ནང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་གནད་དོན་ཚུད་པའི་རྒྱ་ནག་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནད་དོན་ཁག་ལ་ཨོསི་ཊརེ་ལི་ཡ་གཞུང་གིས་ཐུགས་ཚབས་གནང་གི་ཡོད་པ་དང་། གནད་དོན་འདི་དག་ཨོསི་ཊརེ་ལི་ཡའི་ཕྱི་སྲིད་བློན་ཆེན་(Penny Wong)་གྱིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་དང་མཉམ་ཕྱི་ཟླ་༣ཚེས་༢༠ཉིན་ཨོསི་ཊརེ་ལི་ཡ་དང་རྒྱ་ནག་བར་གྱི་ཕྱི་འབྲེལ་དང་ཐབས་བྱུས་ཀྱི་གྲོས་མོལ་གནང་སྐབས་ཐད་ཀར་གླེང་སློང་གནང་ཡོད་པ་བཀོད་འདུག
ད་དུང་ཨོསི་ཊརེ་ལི་ཡའི་ཕྱི་སྲིད་གནད་དོན་དང་ཚོང་དོན་ལས་ཁུངས་ཀྱི་མགྲིན་ཚབ་པས་གནང་པའི་ལན་འདེབས་གསལ་བཤད་དེའི་ནང་། ཨོསི་ཊརེ་ལི་ཡའི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་འབྱུང་ཆེད་མུ་མཐུད་དུ་བཀའ་མོལ་གནང་རྒྱུ་ཡིན་པ་དང་། སླད་ཕྱིན་རན་མཚམས་ཀྱི་གོ་སྐབས་ཁག་སྤྱད་ནས་རྒྱ་ནག་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ལས་དོན་འགན་འཁྲི་ཁག་སྒྲུབ་དགོས་པའི་འབོད་སྐུལ་མུ་མཐུད་ཞུ་རྒྱུ་ཞེས་བཀོད་འདུག
ད་ལན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་ཨོསི་ཊརེ་ལི་ཡའི་ནང་རྒྱལ་དོན་འཚམས་གཟིགས་འབྱོར་བ་དེ་ནི་ཕྱི་ལོ་༢༠༡༧་ལོའི་རྗེས་རྒྱ་ནག་གི་དཔོན་རིགས་ཤིག་ཨོསི་ཊརེ་ལི་ཡའི་ནང་འབྱོར་བ་ཐེངས་དང་པོ་ཡིན་པ་དང་། ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཀྱི་རྗེས་རྒྱ་ནག་དང་ཨོསི་ཊརེ་ལི་ཡའི་ཡུལ་གྲུ་གཉིས་བར་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་། དེའི་རྒྱུ་མཚན་ནི་ཕྱི་ལོ་༢༠༢༠་ལོར་འཛམ་གླིང་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཤུགས་ཆེ་བྱུང་སྐབས་ནད་ཡམས་དེ་ནི་ཐོག་མར་རྒྱ་ནག་ཝུའུ་ཧན་ནས་ཁྱབ་པ་ཞིག་ཡིན་པར་བརྟེན་ཨོསི་ཊརེ་ལི་ཡ་གཞུང་གིས་རང་དབང་དང་ལྡན་པའི་ཐོག་རྟོག་ཞིབ་མི་སྣ་རྒྱ་ནག་ཏུ་ཆེད་གཏོང་དགོས་ཞེས་བརྗོད་པ་ལ་བརྟེན་ནས་རྒྱ་ནག་གཞུང་ཁོང་ཁྲོ་ལང་ཏེ་རྒྱ་ནག་གིས་ཨོསི་ཊརེ་ལི་ཡ་ནས་རྒུན་འབྲུམ་གྱི་ཆང་སོགས་ཀྱི་དངོས་ཟོག་ནང་འདྲེན་བྱས་པ་རྣམས་ལ་སྒོ་ཁྲལ་ཤུགས་ཆེ་རྒྱབ་པར་སོང་ཡུལ་གྲུ་གཉིས་ཀྱི་བར་འབྲེལ་ལམ་ཇེ་སྡུག་ཕྱིན་པ་ལ་བརྟེན་ད་ལན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་འབྲེལ་ལམ་དེ་བསྐྱར་གསོ་ཡོང་ཆེད་ཨོསི་ཊརེ་ལི་ཡའི་ནང་རྒྱལ་དོན་འཚམས་གཟིགས་གནང་བ་ཞིག་ཡིན་པ་རེད།


གསར་འགོད་པ། པདྨ་དངོས་གྲུབ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎