ཨོསི་ཊརེ་ལི་ཡའི་ནང་རྒྱལ་ཡོངས་བོད་དོན་ཞུ་གཏུག་གནང་འཆར་དང་འབྲེལ་འབོད་སྐུལ་དོན་ཚན་གསུམ་གནང་འདུག
དེ་ཡང་ཨོསི་ཊརེ་ལི་ཡའི་ནང་ཕྱི་ཟླ་དགུ་པའི་ཚེས་༤ཉིན་བོད་དོན་ཞུ་གཏུག་གི་ཉིན་མོ་གོ་སྒྲིག་ཞུས་ཡོད་པ་དང་། དེའི་ཐད་འདི་ཚེས་༡༧ཉིན་(Australia Tibet Council)་ཨོསི་ཊརེ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱིས་ཡོངས་ཁྱབ་འབོད་སྐུལ་གནང་བའི་ནང་། ཞུ་གཏུག་ལས་འགུལ་སྤེལ་བའི་ཉིན་དེར་གྲོས་ཚོགས་ཀྱི་འཐུས་མི་ཚོར་ཞུ་གཏུག་པ་རྣམས་ཀྱིས་གཅིག་གྱུར་གྱིས་དོན་ཚན་གསུམ་ཐོག་འབོད་སྐུལ་ཞུ་རྒྱུ་ཡིན་ཞིང་། དེ་ཡང་དང་པོ་བོད་ནང་བོད་ཕྲུག་བཙན་ཁྲིད་བྱས་པ་ཞེས་པའི་དོན་ཚན་དེའི་འོག་རྒྱ་ནག་གཞུང་གིས་བོད་ཕྲུག་ས་ཡ་གཅིག་ཙམ་རང་རང་གི་ནང་མི་དང་ཁ་བྲལ་བཏང་ནས་གཏན་འཇགས་སློབ་གྲྭར་བཅུག་ཏེ་བོད་སྐད་བེད་སྤྱོད་བྱེད་ས་མེད་པ་བཟོས་བ་དང་། ཆོས་ལུགས་དང་རིག་གཞུང་རྣམས་ཕ་མའི་སར་ནས་སྦྱོང་རྒྱུའི་གོ་སྐབས་མེད་པའི་གནད་དོན་ཐད། དེང་སྐབས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྟོགས་ཞིབ་དང་འདྲི་རྩད་གནང་བཞིན་ཡོད་པར་སོང་། གནད་དོན་དེ་ནི་(Australia)་འི་སྲིད་བློན་མཆོག་གིས། རྒྱ་གར་དུ་རིང་མིན་ཕྱི་ཟླ་༩པའི་ནང་ཚོགས་རྒྱུའི་སྟོབས་ཆེན་རྒྱལ་ཁབ་༢༠ལྷན་ཚོགས་ཐོག་ལ་གླེང་སློང་གནང་རྒྱུའི་འབོད་སྐུལ་དང་། དེ་བཞིན་བོད་མིའི་ཆོས་དད་རང་དབང་དང་། མ་འོངས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་སྐོར་གྱི་དོན་ཚན་ནང་། བོད་ཀྱི་ནང་ཆོས་ཐོག་ལ་རྒྱ་ནག་གཞུང་གིས་སྡང་ཟུག་བྱེད་བཞིན་ཡོད་ཅིང་། མ་འོངས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་རྒྱ་ནག་གཞུང་གིས་ཐེ་ཇུས་བྱ་རྒྱུ་གསལ་པོ་བཤད་ཡོད་སྟབས། ཨོསི་ཊརེ་ལི་ཡའི་གཞུང་གིས་མ་འོངས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ནི་བོད་ཀྱི་ཐོུང་མ་ཡིན་པའི་ནང་ཆོས་ཀྱི་སྲོལ་རྒྱུན་ལམ་ལུགས་ཀྱི་ཐོག་ནས་ངོས་འཛིན་ཞུ་རྒྱུའི་བདག་དབང་དང་ཐོབ་ཐང་ཁོ་ན་དེ་ཡིན་པས། ཨོསི་ཊརེ་ལི་ཡའི་ཕྱི་འབྲེལ་སྲིད་ཇུས་ཐོག་ནས་ལངས་ཕྱོགས་བརྟན་པོ་འཛིན་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་བཀོད་འདུག
ཞུ་འབོད་དོན་ཚན་གསུམ་པར་བོད་ནང་བཙན་ཤེད་ཀྱིས་ངལ་རྩོལ་བཙན་སྐུལ་བྱེད་པའི་སྐོར་གྱི་དོན་ཚན་དེའི་ནང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གཞུང་ལ་བོད་ནང་ངལ་རྩོལ་བཙན་སྐུལ་བྱེད་པའི་བྱ་སྤྱོད་ཐད་རྟོགས་ཞིབ་གནང་བཞིན་ཡོད་ཅིང་། རྒྱ་ནག་གཞུང་གིས་བོད་ཀྱི་འབྲོག་པ་རྣམས་མི་རབས་མང་པོར་གནས་སའི་སོ་སོའི་ས་ཆ་ནས་གནས་སྤོ་བྱེད་དུ་བཅུག་སྟེ། ལག་རྩལ་སྦྱོང་བརྡར་ཁང་ཟེར་བའི་ནང་བཅུག་སྟེ་འབྲོག་པ་རྣམས་རང་འགུལ་གྱིས་འདོད་མོས་ཡོད་མེད་ལ་མ་བལྟོས་བར། ལག་ཤེས་སྦྱོང་བརྡར་ཁང་ཟེར་བ་དེ་ཚོའི་ནང་བོད་མི་རྣམས་ལ་བོད་སྐད་བཤད་མི་འཇུག་པ་དང་ནང་ཆོས་ཉམས་ལེན་བྱེད་འཇུག་གི་མེད་པར་བརྟེན་། ཨོསི་ཊརེ་ལི་ཡའི་གཞུང་གིས། (Customs Amendment Act)་ཞེས་པའི་རྒྱ་ནག་གཞུང་གིས་བོད་མིར་ངལ་རྩོལ་བཙན་སྐུལ་བྱས་ཏེ་བཟོས་པའི་དངོས་ཟོག་བཀག་འགོག་གི་ཁྲིམས་ཡིག་བཀའ་ཁྲོལ་གཏན་འབེབས་གནང་སྟེ། བྲན་གཡོག་ངལ་རྩོལ་སྐུལ་བའི་བྱ་ཐབས་མེད་པ་བཟོ་བའི་ཁྲིམས་ཀྱི་ནུས་པ་ཆེ་རུ་བཏང་ནས་བོད་ནང་གི་བོད་མིར་བཙན་སྐུལ་བྱས་ཏེ་བཟོས་པའི་དངོས་ཟོག་རྣམས་ཨོསི་ཊརེ་ལི་ཡའི་ཚོང་ཟོག་ནང་འདྲེན་བྱེད་མི་ཆོག་པའི་འགན་བཀུར་བྱ་དགོས་པའི་འབོད་སྐུལ་དང་བཅས་ཨོསི་ཊརེ་ལི་ཡའི་རྒྱལ་ཡོངས་གྲོས་ཚོགས་ནང་བོད་དོན་ཞུ་གཏུག་གནང་སྐབས་སོ་སོའི་གྲོས་ཚོགས་འཐུས་མི་ཚོར་བོད་མིའི་འབོད་སྒྲ་ཐོས་ཐུབ་པ་བྱེད་དགོས་བའི་འབོད་སྐུལ་གནང་འདུག
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།