བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་མཆོག་དང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་རྣམ་གཉིས་མཇལ་མོལ་གནང་འདུག

དེ་ཡང་ཕྱི་ཟླ་བདུན་པའི་ཚེས་༢༡་ཉིན་བྱང་ཨ་མི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་དུ་རྟེན་གཞི་བྱས་བའི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་སྐུ་ཞབས་(Miloslav Stasek)་དང་མཇལ་འཕྲད་གནང་ཡོད་པ་དང་། དེའི་ཐད་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཨ་རིའི་རྒྱལ་སར་ཡོད་པའི་སྐུ་ཚབ་དོན་གཅོད་ཁང་དུ་ལོ་ལྟར་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་གནང་སྐབས་ཕྱིའི་རྒྱལ་ཁབ་མང་པོའི་གཞུང་ཚབ་རྣམ་པ་ཕེབས་བཞིན་ཡོད་ཀྱང་། ད་ལོ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་མཛད་བྲེལ་རྐྱེན་ཕེབས་ཐུབ་མེད་པར་བརྟེན། ད་རེས་ང་ཚོ་མཇལ་འཕྲད་ཀྱི་གོ་སྐབས་བྱུང་། མཇལ་མོལ་སྐབས་ཅེག་སྤྱི་མཐུན་རྒྱལ་ཁབ་དང་མི་མང་གིས་བོད་དང་བོད་མིའི་རྩ་དོན་ཐད་ཁ་ཞེ་གཉིས་མེད་དང་ཚད་མཐོའི་རྒྱབ་སྐྱོར་གནང་དང་གནང་མུས་ཡིན་པར་བོད་མིའི་ཚབ་བྱས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་བྱུང་། དུས་མཚུངས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། རང་ཐག་རང་གཅོད་སྲུང་སྐྱོབ་གནང་བའི་ལངས་ཕྱོགས་བརྟན་པོའི་ཐོག་འཛམ་གླིང་སྟེང་སྲིད་དབང་སྒེར་སྤྱོད་པའི་བྱ་སྤྱོད་ལ་ཁ་གཏད་གཅོག་གནང་བཞིན་པར་བསྔགས་བརྗོད་ཞུ་བྱུང་བ་མ་ཟད། མུ་མཐུད་དུ་བོད་དོན་ཐད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་སྐབས་གཞུང་ཚན་ཆེན་མོ་ཅེག་གཞུང་ཚབ་ཆེན་མོ་སྐུ་ཞབས་(Miloslav Stasek)་ལགས་ཀྱིས། ཁོང་རྒྱ་གར་དུ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་གནང་བའི་སྐབས་སུ། ༧གོང་ས་ཏཱ་ལའི་བླ་མ་མཆོག་མཇལ་འཕྲད་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་བྱུང་བ་དྲན་གསོ་གནང་བ་དང་ཆབས་ཅིག ཁོང་གིས་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་། བོད་མིའི་རང་དབང་གི་ཆེད་དུ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་ནན་བརྗོད་གནང་བྱུང་བ་འགྲེལ་བརྗོད་གནང་བྱུང་།
སྤྱིར་ཅེག་སྤྱི་མཐུན་རྒྱལ་ཁབ་ནི་ཡོ་རོབ་ནང་བོད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་དང་། ལོ་རབས་དགུ་བཅུའི་ནང་གི་ཡུལ་དེའི་སྲིད་འཛིན་ཝཙ་ལཝ་ཧཱ་ཝལ་མཆོག་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འདྲིས་ཉེ་པོ་ཡོད་མཁན་ཞིག་ཡིན་ལ། ཉེ་བའི་དུས་སུ་ཡང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་བཅས་བར་མཇལ་འཕྲད་ཡང་གནང་ཡོད་པ་མ་ཟད། ཅེག་གྲོས་ཚོགས་ཀྱི་སྐུ་ཚབ་དང་གནད་ཡོད་དཔོན་རིགས་མང་པོ་བཞུགས་སྒར་རྡ་རམ་སཱ་ལར་ཆེད་བཅར་གྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་དང་བོད་མིའི་སྒྲིག་འཛུགས་གནད་ཡོད་མི་སྣ་ཚོར་མཇལ་མོལ་དང་འཚམས་གཟིགས་གནང་མྱོང་ཡོད་པ་རེད།
གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།