བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ཉེར་གཉིས་པའི་སྟེང་བོད་དོན་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐད་གྲོས་ཆོད་ཁག་ཅིག་གཏན་འབེབས་གནང་འདུག

དེ་ཡང་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་༢༢པ་དེ་སྤྱི་ཟླ་༡༢ པའི་ཚེས་༧་ནས་ཚེས་༩་བར་ཨ་རིའི་རྒྱལ་སར་ཡོད་པའི་(NED)་ཞེས་ཨ་རིའི་རྒྱལ་ཡོངས་དམངས་གཙོ་ཐེབས་རྩ་ཁང་དུ་འཚོགས་པའི་སྟེང་གྲོས་ཆོད་ཁག་ཅིག་གཏན་འབེབས་དང་བཅས་ཚོགས་ཆེན་མཇུག་སྒྲིལ་ཡོད་པ་དང་། བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་བོད་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་རེས་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་སྟེང་། སྤྱི་ལོ་༢༠༢༥ལོའི་སྤྱི་ཟླ་༧པ་ནས་ལོ་འཁོར་གཅིག་གི་རིང་བྱམས་བརྩེའི་ལོ་ཞེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་ལྟར་དགུང་གྲངས་ ༩༠ ་ལ་ཕེབས་པའི་གོ་སྟོན་སྲུང་བརྩི་ཞུ་རྒྱུའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་འཆར་ཁག་ལ་ས་གནས་ཁག་ཚང་མས་ཕྱར་གྲུ་མཉམ་འདེགས་ཞུ་རྒྱུ་དང་། སྐུའི་གོ་སྟོན་སྲུང་བརྩིའི་ཆེད་ལོ་འཁོར་གཅིག་གི་རིང་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་འབྲེལ་བའི་ལས་འགུལ་སྤེལ་རྒྱུ། གཞན་བྱང་ཨ་རིའི་ནང་གི་གཟའ་མཇུག་བོད་ཡིག་འཛིན་གྲྭའི་ནང་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་ཐབས་བྱེད་རྒྱུ་སོགས་ཀྱི་གྲོས་ཆོད་ཁག་ཅིག་བཞག་ཡོད་པ་རེད་འདུག ཡང་ད་ཐེངས་ཀྱི་ཚོགས་ཆེན་ཐོག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་དང་། བོད་བསྟན་སྲིད་ཀྱི་ཆེད་དུ་ཞབས་རིམ་གནད་སྨིན་སྒྲུབ་ཕྱོགས་སྐོར། དེ་བཞིན་ཨ་རིའི་གཞུང་གིས་གཏན་འབེངས་གནང་པའི་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་ཀྱི་ཁྲིམས་ཡིག་དགོངས་དོན་ལག་བསྟར་དོན་འཁྱོལ་ཡོང་བར་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས་ཞུ་སྐུལ་གནང་རྒྱུ། བོད་ཀྱི་ཆོས་དང་། རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་སྤྱི་དང་། བྱེ་བྲག་གཟའ་མཇུག་སློབ་གྲྭ་ཁག་གི་བོད་ཀྱི་ཕྲུ་གུ་རྣམས་ལ་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་ཕྱོགས། ༧གོང་ས་མཆོག་གི་དགོངས་དོན་སི་ཤེས་ཡོན་སྐོར་གོ་རྟོགས་སྤེལ་རྒྱུ་སོགས་གྲོས་ཆོད་དོན་ཚན་བརྒྱད་བཞག་ཡོད་པ་རེད།
དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ། ཨ་མི་རི་ཀའི་ཧོ་ལེ་ཝོ་ཌི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་དང་། བོད་དོན་རྒྱབ་སྐྱོར་བ་རི་ཆརཌི་གྷིཡར་(Richard Gere)་ལགས་ཀྱིས་མཇུག་སྡོམ་མཛད་སྒོའི་སྟེང་། ཚོགས་བཅར་བ་ཚོར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཁོང་གིས་ངའི་མི་ཚེ་ནང་གལ་ཆེ་ཤོས་ལ་བརྩི་བཞིན་པ་ནི་༧གོང་ས་མཆོག་དང་། བོད་མི་ཚོ་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན་ཞེས་གསུངས་སོང་།

ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས། ད་རེས་ཚོགས་འདུའི་སྟེང་ས་གནས་སོ་སོ་ནས་འཐུས་མི་ཚོགས་བཅར་གནང་སྟངས་ཡག་པོ་འདུག་ལ། ལྷག་པར་ད་རེས་གཞོན་སྐྱེས་མང་པོ་མཉམ་ཞུགས་གནང་འདུག་པས་དེར་དམིགས་བསལ་གྱིས་དགའ་སྤོབས་བྱུང་བ་སོགས་ཀྱི་གཏམ་བཤད་གནང་ཡོད་པ་རེད།
ད་ཐེངས་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་༢༢པའི་ཐོག་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་༢༦་ནས་ཚོགས་བཅར་བ་༥༠་ལྷག་མཉམ་ཞུགས་གནང་ཡོད་པ་རེད།

བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་༢༣་པ་དེ་༢༠༢༥ ལོའི་སྤྱི་ཟླ་ ༨ པའི་ཚེས་༣༠ ནས་སྤྱི་ཟླ་༩ བའི་ཚེས་ ༡ བཅས་ཉིན་གསུམ་རིང་ཨ་རིའི་མི་ནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་གནང་རྒྱུ་གཏན་འབེབས་བྱུང་ཡོད་པ་རེད།
གསར་འགོད་པ། ཆོས་སྐྱིད།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།