སྲིད་སྐྱོང་མཆོག་དང་ཐེ་ཝན་གྱི་སྲིད་འཛིན་ཟུར་པ་ལྕམ་ཚའེ་ཨིན་ཝུན་རྣམ་གཉིས་མཇལ་འཕྲད་གནང་འདུག

2024.10.14
སྲིད་སྐྱོང་མཆོག་དང་ཐེ་ཝན་གྱི་སྲིད་འཛིན་ཟུར་པ་ལྕམ་ཚའེ་ཨིན་ཝུན་རྣམ་གཉིས་མཇལ་འཕྲད་གནང་འདུག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཐེ་ཝན་གྱི་སྲིད་འཛིན་ཟུར་པ་ལྕམ་ཚའེ་ཨིན་ཝུན་རྣམ་གཉིས་མཇལ་འཕྲད་སྐབས། ༡༠།༡༣།༢༠༢༤
CTA

འདི་ཚེས་༡༣ཉིན་༢༠༠༠ལོའི་ཞི་བདེའི་གླེང་སྟེགས་ཐེངས་༢༨པའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་སྐབས་སྲིད་སྐྱོང་མཆོག་གིས་ཐེ་ཝན་གྱི་སྲིད་འཛིན་ཟུར་པ་ལྕམ་ཚའེ་ཨིན་ཝུན་(Tsai Ing-Wen)་ལགས་དང་མཇལ་འཕྲད་གནང་ཡོད་འདུག མཛད་སྒོའི་སྐབས་ཅེག་སྤྱི་མཐུན་རྒྱལ་ཁབ་(Czech)་ཀྱི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཝལ་ཊར་རུ་སེལ་མེཊ་(Walter Russell Mead)་ལགས་སོགས་ནས་གསུང་བཤད་གནང་སྐབས་ད་ལྟའི་དུས་སུ་འཛམ་གླིང་ནང་མང་གཙོར་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། ལྷག་པར་འཛམ་གླིང་ནང་དབང་ཆའི་འཐབ་རྩོད་ཆེ་རུ་འགྲོ་བཞིན་པའི་སྐོར་གསལ་སྟོན་དང་སྦྲགས། རང་དབང་རྒྱལ་ཁབ་ཁག་ནས་དེ་ལ་འགན་མ་ཁུར་བའམ་སྣང་མེད་དུ་བཞག་པ་ལ་བརྟེན་ནས་རྒྱ་ནག་ལྟ་བུའི་སྲིད་དབང་སྒེར་འཛིན་རིང་ལུགས་པས་རྒྱལ་སྤྱིར་ཉེན་ཁ་བཟོ་གི་ཡོད་པ་སོགས་གསུང་བཤད་གནང་ཡོད་འདུག
དེ་ཉིན་ཕྱི་དྲོ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་༢༠༠༠ལོའི་ཞི་བདེའི་གླེང་སྟེགས་ཀྱི་ཚོགས་འདུ་ཐེངས་༢༨པའི་སྐབས་ཨར་ཇེན་ཊི་ནའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་(Fernando Iglesias)་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་ཡོད་པའི་ཨར་ཇེན་ཊི་ནའི་གཞུང་ཚབ་(Claudio Javier Rozencwaig) སོགས་དང་མཇལ་འཕྲད་གནང་ཡོད་པ་རེད།

དེའི་ཐད་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་པ་ཕུན་ཚོགས་སྟོབས་རྒྱལ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ད་རེས་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་༢༠༠༠ལོའི་ཞི་བདེའི་གླེང་སྟེགས་ཀྱི་ཚོགས་འདུ་ཐེངས་༢༨པར་མཉམ་ཞུགས་ཆེད་ཕེབས་ཡོད་པ་དང་། ཚེས་༡༥ཉིན་སྲིད་སྐྱོང་མཆོག་གིས་ཞི་བདེའི་གླེང་སྟེགས་ཀྱི་ཚོགས་འདུའི་ཐོག་ཆུ་ཚོད་ཕྱེད་ཀའི་རིང་གཏམ་བཤད་གནང་རྒྱུ་ཡིན་པ་རེད། དེ་དང་མཉམ་དུ་རྒྱལ་ཁབ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་དང་ཕྱི་འབྲེལ་མི་སྣ་གཙོས་གནད་ཡོད་མི་སྣ་སོགས་དང་མཉམ་དུ་མཇལ་མོལ་གནང་དང་གནང་བཞིན་པ་གསུངས་བྱུང་།

Sikyong Forum 2000.jpg
སྲིད་སྐྱོང་མཆོག་ཨར་ཇེན་ཊི་ནའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་(Fernando Iglesias)་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་ཡོད་པའི་ཨར་ཇེན་ཊི་ནའི་གཞུང་ཚབ་(Claudio Javier Rozencwaig)་སོགས་དང་མཇལ་འཕྲད་སྐབས། ༡༠།༡༣།༢༠༢༤ པར། CTA


བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ཏུ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ་དང་ལྷན་དུ་མཇལ་མོལ་གནང་ཡོད་པ་དང་དུས་མཚུངས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གོ་སྟོན་སྲུང་བརྩི་ཞུ་ཕྱོགས་དང་། ལས་འཆར་ལག་བསྟར་གནང་ཕྱོགས་སོགས་ཀྱི་སྐོར་ལ་གྲོས་མོལ་གནང་ཡོད་ཅིང་། སྐབས་དེར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གསར་འགོད་པ་ཚོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཁམས་འཕྲོད་བཞེས་དང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་བཅར་འདྲིར་ལན་འདེབས་གནང་ཡོད་པ་རེད། དེའི་རྗེས་སྲིད་སྐྱོང་མཆོག་གིས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གྱིས་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་དང་། བོད་དང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ལམ་སྐོར་བཀའ་མོལ་གནང་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག


གསར་འགོད་པ། འཆི་མེད། བསྟན་འཛིན་དཔལ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎