བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་མི་སྣ་དང་མཇལ་འཕྲད་གནང་འདུག

དེ་ཡང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ལས་ཁུངས་ཀྱི་ཁོངས་གཏོགས་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལྕམ་(Veronica Mitkova)་ལགས་ཨ་རིའི་རྒྱལ་སར་ཕེབས་པ་དང་བསྟུན། འདི་ཚེས་༦ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་ནང་གི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོས་དམིགས་བསལ་གྱི་དགོང་དྲོའི་གསོལ་སྟོན་བཤམ་པའི་སྟེང་གདན་ཞུས་ལྟར། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་ལས་བྱེད་ཚུལ་ཁྲིམས་རྒྱ་མཚོ་ལགས་གཉིས་ཆེད་ཕེབས་གནང་འདུག་ལ། སྐབས་དེར་(Cuba)་དང་། (Venezula) ཨུ་རུ་སུ། ཨི་རན་བཅས་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། དམངས་གཙོ། རང་དབང་དོན་གཉེར་བའི་སྐུ་ཚབ་ཁག་ཅིག་ཀྱང་ཕེབས་ཡོད་འདུག
ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་སྐུ་ཞབས་(Stasek)་ལགས་ཀྱིས་སྐུ་མགྲོན་རྣམས་ལྕམ་(Veronica Mitkova)་ལྷན་དུ་གསོལ་ཚིགས་གནང་བར་དགའ་བསུ་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ནི་ཡུལ་དེའི་ཕྱི་འབྲེལ་སྲིད་ཇུས་ཀྱི་ལྡེ་མིག་ལྟ་བུར་གལ་ཆེན་དུ་བརྩི་བཞིན་ཡོད་པ་གསུངས་འདུག
ཡང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལྕམ་(Veronica)་ཡིས་ཡུལ་དེའི་སྲིད་འཛིན་དམ་པ་(Vaclav Havel)་ལགས་དང་ལྷན་དུ་དེ་སྔ་ཕྱག་ལས་གནང་མྱོང་པ་ཁག་དྲན་གསོ་ཞུས་པ་དང་། ཁོང་གིས་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་ཅེག་རྒྱལ་ཁབ་ཀྱི་གཞུང་འཛིན་དང་ཞི་བའི་མི་མང་གི་ནུས་པའི་ཐོག་ནས་ཐོན་པ་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་མཐུན་ཕྱོགས་རང་དབང་ལྡན་པའི་རྒྱལ་ཁབ་ཁག་དང་ལྷན་དུ་མཉམ་འབྲེལ་གནང་སྟེ། འཛམ་གླིང་ནང་གི་སྒེར་གཅོད་དབང་འཛིན་རིང་ལུགས་པ་ཚོས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པ་ཁག་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་གནང་གི་ཡོད་པ་དང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་གསར་ལམ་ཁག་དང་ཞི་བའི་མི་མང་གི་ཚོགས་སྡེ་ཁག་ལ་རྒྱབ་སྐྱོར་ཆ་ཚང་གནང་གི་ཡོད་སྐོར་གསུངས་འདུག
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིའི་བདེན་དོན་འཐབ་རྩོད་ལ་རྒྱབ་སྐྱོར་འགྱུར་མེད་བརྟན་པོར་གནང་བ་དང་། འཛམ་གླིང་ནང་གི་སྒེར་གཅོད་དབང་འཛིན་པའི་གཞུང་འཛིན་ཁག་ལ་ཁ་གཏད་གཅོག་བཞིན་པ། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ནི་ཡུལ་དེའི་ཕྱི་འབྲེལ་སྲིད་ཇུས་ཀྱི་རྩ་དོན་གལ་ཆེར་རྩིས་གནང་གི་ཡོད་པར་ཐུགས་རྗེ་ཆེ་ཞུས་བ་དང་། འདས་པའི་ལོ་ངོ་༧༠་རིང་རྒྱ་ནག་དམར་པོའི་གཞུང་གིས་བོད་ཐོག་བཙན་དབང་དང་། རྒྱ་ནག་གི་རྒྱལ་ཞེན་གྱི་འདུ་ཤེས་སླེབས་པ་བཟོ་ཐབས་བྱས་ཀྱང་རྒྱལ་ཁ་ཐོབ་མེད་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལམ་ལུགས་ཀྱི་རྩ་དོན་ཐོག་བཞེངས་ཕྱོགས་བརྟན་པོར་བཟུང་ནས་བོད་མི་མང་ཐེ་བའི་འཛམ་གླིང་ཁྱོན་ཡོངས་ནང་དྲག་གནོན་དང་གཉའ་གནོན་བཤུ་གཞོག་འོག་ཚུད་པའི་མི་མང་རྣམས་ལ་རྒྱབ་སྐྱོར་གནང་དགོས་པ་གལ་ཆེན་ཡིན་པ་སོགས་གཏམ་བཤད་གནང་ཡོད་པ་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་འདུག
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།