སྤྱི་ཟུར་འཇིགས་མེད་འབྱུང་གནས་ལགས་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུག

2024.01.29
སྤྱི་ཟུར་འཇིགས་མེད་འབྱུང་གནས་ལགས་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུག སྤྱི་ཟུར་འཇིགས་མེད་འབྱུང་གནས་ལགས། ༼ཟླ་ཚེས་མི་གསལ
facebook / Den norske Tibet-komité

དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་ཡིག་ཚང་གིས་ཕྱི་ཚེས་༢༥ཉིན་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་བཅུ་དགུ་པའི་ནང་གསེས་༡པོའི་དགོངས་དོན། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་རྣམས་སྲིད་སྐྱོང་མཆོག་དང་། བཀའ་བློན་ཚང་འཛོམས་ཞིབ་གྲོས་དྲག་འདེམས་ཀྱིས་བཀའ་ཤག་ནས་བསྐོ་འཛུགས་གནང་བར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུ། ཞེས་གསལ་བ་ལྟར་སྤྱི་ཟུར་འཇིགས་མེད་འབྱུང་གནས་ལགས་ལྡི་ལི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་བ་དང་། ཡིག་ཆ་སྒྲུབ་མཚམས་ལས་ཁུར་འགོ་འཛུགས་གནང་རྒྱུ་རེད་ཅེས་འཁོད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་དང་། ལྡི་ལི་སྐུ་ཚབ་དོན་གཅོད་ཁང་ལ་འབྲེལ་བ་ཞུས་པར། ལན་འདེབས་གང་ཡང་གནང་མ་བྱུང་། སྤྱི་ཟུར་འཇིགས་མེད་འབྱུང་གནས་ལགས་ད་ལྟའི་ཆར་ཨ་མི་རི་ཀའི་ནང་དུ་གནས་བཞུགས་གནང་བཞིན་ཡོད་ཅིང་། མི་ཚེ་ཧྲིལ་པོ་བོད་མིའི་སྒྲིག་འདུགས་ཀྱི་སྲི་ཞུ་བའི་ལས་བྱེད་གནང་མཐར། ནང་སྲིད་དྲུང་ཆེའི་ཐུགས་འགན་བཞེས་ཞིང་། དབུས་གཙང་སྤྱི་འཐུས་ཀྱི་ལས་འཁུར་ཡང་གནང་མྱོང་ཡོད་པ་རེད།
སྤྱི་ཟུར་འཇིགས་མེད་འབྱུང་གནས་ལགས་ནི། ཕྱི་ལོ་༡༩༦༢ལོར་བོད་ནས་བྲོས་བྱོལ་གྱིས་ལ་དྭགས་སུ་འབྱོར་རྗེས། མ་སུ་རི་དང་པན་ཇི་མ་རི་སློབ་གྲྭར་ཕེབས་ཡོད་པ་དང་། ༡༩༧༡ལོར་སྦེལ་ཀོབ་བདེ་སླར་གཞིས་ཆགས་སུ་འབྱོར་ནས་གཞིས་གྲོང་གི་སྤྱི་མི། རང་བདེན་ཚོགས་ཆུང་དང་། མཉམ་འཐུས། ས་གནས་གཞོན་ནུའི་ཚོགས་གཙོ་བགྲེས་གཞོན། ཉིན་སློབ་ཀྱི་དགེ་རྒན། དགེ་ལུགས་མ་དགོན་གྱི་ལས་དྲུང། མཉམ་འབྲེལ་འཕྲུལ་རྨོས་འགན་འཛིན་བཅས་ཀྱི་ལས་འཁུར་ཞུས་ཤིང། ༡༩༨༣ལོ་ནས་ཐོག་མར་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ཀྱི་མཉམ་འབྲེལ་དྲུང་ཆེ་དང་། རིམ་པས་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་ཀྱི་ས་གནས་འགོ་འཛིན། སྦེང་ལོར་ལྷོ་ཕྱོགས་གཞིས་སྤྱི། ༡༩༩༥ནས་༢༠༠༨ཟླ་༨ཚེས་༣༡བར་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ཆུང་དང་རྩིས་ཞིབ་དྲུང་ཆེ་བཅས་ཀྱི་ལས་འཁུར་ཞུས་མྱོང་ཡོད་འདུག

གསར་འགོད་པ། ཀེ་ཐོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎