ཁེ་ཎ་ཌའི་གྲོས་ཚོགས་འོག་མའི་ནང་བོད་རྒྱ་ཞི་མོལ་ཡོང་ཐབས་སུ་རྒྱབ་སྐྱོར་གྱི་གྲོས་ཆོད་གཏན་འབེབས་བྱུང་འདུག
འདི་ཚེས་༡༤ཉིན་ཁེ་ཎ་ཌའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Garnett Genius)་ལགས་ཀྱིས་བོད་རྒྱ་ཞི་མོལ་ཡོང་ཐབས་སུ་ཁེ་ཎ་ཌ་གཞུང་གིས་རྒྱབ་སྐྱོར་གནང་དགོས་བའི་གྲོས་འཆར་བཏོན་པའི་ཐད། ཁེ་ཎ་ཌའི་དབུས་གྲོས་ཚོགས་འོག་མའི་ནང་གི་རྙིང་ཞེན་ཚོགས་པ་དང་། གུ་ཡངས་ཚོགས་པ། མང་གཙོ་གསར་པ་ཚོགས་པ། གཞན་(Bock Quebec)་ཚོགས་པ། ལྗང་ཁུ་ཚོགས་པ་བཅས་ཀྱི་འཐུས་མི་༣༢༤ཡོད་པ་ཚང་མས་འོས་ཤོག་བརྒྱུད་རྒྱབ་སྐྱོར་གནང་བར་སྤྱི་མོས་རྒྱབ་སྐྱོར་དང་གཏན་འབེབས་བྱུང་བ་གྲོས་ཚོགས་ཀྱི་ཚོགས་གཙོ་(Anthony Rita)་ལགས་ཀྱིས་གསལ་བསྒྲགས་གནང་ཡོད་པ་རེད།
ད་ཐེངས་གྲོས་ཚོགས་འོག་མའི་ནང་དུ་གྲོས་འཆར་གཉིས་ཀྱི་ཐོག་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་(Garnett)་ལགས་ཀྱིས་ལོ་བདུན་ལྷག་ཙམ་ཞིག་ལ་སྐུ་ལས་སྐྱོན་གནང་སྐོར་དང་། ལྷག་པར་དུ་ད་རེས་བོད་རྒྱ་ཞི་མོལ་ཡོང་ཐབས་ཀྱི་གྲོས་འཆར་ལ་རྒྱབ་སྐྱོར་ཐོབ་པར་ཚང་མར་ཐུགས་རྗེ་ཆེ་ཞུས་པ་སྦྲགས་ཁེ་ཎ་ཌ་གཞུང་གི་ངོས་ནས་ལག་བསྟར་གནང་མིན་ཐད་མུ་མཐུད་དུ་ལས་དོན་རྒྱུན་འཁྱོངས་གནང་དགོས་གསུང་འདུག
ད་རེས་ཁེ་ཎ་ཌའི་གྲོས་ཚོགས་འོག་མའི་ནང་དུ་བོདདོན་རྒྱབ་སྐྱོར་དང་གྲོས་ཆོད་གཏན་འབེབས་བྱུང་བར་ས་གནས་བོད་མི་ཚང་མའི་ཚབ་བྱས་ནས་གྲོས་ཚོགས་འཐུས་མི་སྐུ་ཞབས་(Garnett Genius)་གཙོས་ཆབ་སྲིད་ཚོགས་པའི་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་ཨོན་ཏྲེ་རི་ཡོ་ཆབ་སྲིད་འབྲེལ་མཐུད་པ་གཡུ་དྲུང་བསྟན་འཛིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ད་དུང་ད་ཐེངས་བོད་རྒྱ་ཞི་མོལ་ཡོང་ཐབས་ཀྱི་གྲོས་འཆར་དེ་ཁེ་ཎ་ཌའི་གྲོས་ཚོགས་འོག་མའི་ནང་དུ་རྒྱབ་སྐྱོར་བྱུང་བ་དེ་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཡིན་པ་དང་། རིམ་པས་ཁྲིམས་འཆར་ལ་གཏན་འབེབས་ཡོང་སླད་གྲོས་ཚོགས་གོང་མའི་ནང་རྒྱབ་སྐྱོར་ཐོབ་དགོས་དུས་འབྱུང་འགྱུར་ཁེ་ཎ་ཌ་བོད་དོན་ལྷན་ཚོགས་ཀྱི་གཙོ་འགན་བཞེས་པའི་ཐོག་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ནས་ལས་རིམ་གོ་སྒྲིག་གནང་རྒྱུ་ཡིན་པ་གསུང་བྱུང་།
དེ་ལྟར་ཀྲོ་རོན་ཀྲོ་ས་གནས་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བཞི་དང་། ས་གནས་མི་མང་ཁག་ཅིག ཨོ་ཏྲ་ཝ་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཐུན་མོང་ནས་རྒྱབ་སྐྱོར་སླད་རྒྱལ་སའི་ཁུལ་དུ་བསྐྱོད་པ་དང་། ཨོ་ཏྲ་ཝ་རྒྱ་ནག་གི་གཞུང་ཚབ་མདུན་དུ་ངོ་རྒོལ་སྐད་འབོད་གནང་རྒྱུའི་ལས་འཆར་ཡོད་པ་མུ་མཐུད་དུ་གསུང་བྱུང་།
དགོང་དྲོར་སྐུ་ཞབས་(Garnett Genius)་ལགས་ཀྱི་ལས་ཁུངས་སུ་འབྲེལ་ཡོད་བོད་མིའི་སྐུ་ཚབ་རྣམས་བཅར་ནས་ཐུགས་རྗེ་ཆེ་ཞུ་ཞོར་མཛད་སྒོ་སྟབས་བདེ་ཞིག་ཀྱང་ཚོགས་ཡོད་འདུག
གསར་འགོད་པ། ཨྱོན།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།