ཉི་མ་རྡོ་རྗེ་ལགས་སུ་ཁེ་ཎ་ཌའི་ནང་གི་རྒྱལ་ཡོངས་སྤྱི་དམངས་ཀྱི་གཟེངས་རྟགས་མཐོ་གྲས་ཤིག་ཐོབ་འདུག

ཁེ་ཎ་ཌའི་ནང་སྤྱི་ཚོགས་ཞབས་ཞུ་སྒྲུབ་མཁན་ལ་ཆེ་བསྟོད་ཞུ་བའི་གཟེངས་རྟགས་(Order of Canada)་ཞེས་བ་ནི་རྒྱལ་ཡོངས་སྤྱི་དམངས་ཀྱི་གཟེངས་རྟགས་མཐོ་གྲས་ཤིག་ཡིན་པ་དང་། སྤྱི་ལོ་༢༠༢༤ལོའི་གཟེངས་རྟགས་དེ་གནང་ཡུལ་ཁོངས་སུ་ཁེ་ཎ་ཌའི་ཨེལ་སྦར་ཊ་ས་གནས་སུ་གནས་བཞུགས་འཛུགས་སྐྲུན་བཟོ་བཀོད་ཇུས་འགོད་པ་བོད་མི་ཉི་མ་རྡོ་རྗེ་ལགས་སུ་གནང་གཏན་འཁེལ་བ་ཕྱི་ཟླ་༦ཚེས་༢༧ཉིན་གཞུང་འབྲེལ་གསལ་བསྒྲགས་གནང་འདུག
གཟེངས་རྟགས་དེ་བཞིན་༡༩༦༧ཟླ་༧ནང་གནང་སྲོལ་དབུ་འཛུགས་གནང་པ་ཞིག་རེད་འདུག
ཉི་མ་རྡོ་རྗེ་ལགས་སུ་མཚོན་ན། ༢༠༡༡ལོར་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེ་ནས་བོད་མི་༡༠༠༠ཁེ་ཎ་ཌར་གཞིས་སྤོའི་ལས་གཞིའི་ནང་འགན་འཁུར་བཞེས་མཁན་གཙོ་གྲས་ཤིག་ཡིན་པ་དང་། བོད་མི་༡༠༠༠་གཞི་སྤོས་ལས་གཞིའི་སྐབས་སུ་གཞིས་སྤོ་བ་རྣམས་ཁེ་ན་ཊའི་གཞུང་དང་སྤྱི་ཚོགས་ཀྱི་རོགས་དངུལ་ཁོ་ནར་བརྟེན་མི་དགོས་པ་ཞིག་ཡོང་ཐབས་སུ། བོད་མི་གཞིས་སྤོ་གནང་མཁན་ཚོར་མི་རེ་གནས་སྤོའི་འགྲོ་གྲོན་ཆེད་ཁེ་ཎ་ཌའི་སྒོར་མོ་༦༠༠ལས་མི་དགོས་པའི་འཆར་གཞི་བཟོ་འགོད་གནང་སྟེ། ཁེ་ཎ་ཌར་འབྱོར་མཚམས་ཟླ་བ་གསུམ་གྱི་ནང་ཚུད་རང་ཁ་རང་གསོ་ཐུབ་པ་ཞིག་འཆར་འགོད་ལག་བསྟར་གྱིས་གྲུབ་འབྲས་ཧ་ཅང་ཡག་པོ་ཐོན་ཡོད་པ་རེད།
ཁེ་ན་ཌར་གཞིས་སྤོའི་ལས་འཆར་འདིའི་འོག་ནས་(Alberta)་མངའ་སྡེའི་ནང་འབྱོར་བའི་ཁོངས་སུ་རྒྱལ་ཡོངས་ཁྲིམས་རྩོད་པའི་སློབ་ཐོན་པ་བོད་མི་ཐོག་མར་དེ་བྱུང་ཡོད་པ་དང་། ཁྱིམ་གཞིས་གསར་པ་སྐྲུན་ཏེ། བོད་དོན་ཐད་ལས་འགུལ་སྤེལ་མཁན་ཡང་མང་དག་ཅིག་མཁོ་འདོན་བྱུང་ཡོད་པ་སོགས་ཉི་མ་རྡོ་རྗེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ཁོང་གིས་དྭང་བླངས་ཞབས་ཞུ་སྒྲུབ་རྒྱུ་ནི་ཆེ་ས་ནས་སྤྱི་ཚོགས་ཡོངས་ལ་ཁེ་ཕན་སྒྲུབ་པའི་ལས་དོན་ཞིག་དང་། དཀའ་ངལ་ཡོད་པའི་མི་མང་རེ་རེ་ལ་ངལ་སེལ་སྲུང་སྐྱོབས་བྱེད་པའི་ལས་འགན་ཆེན་པོ་ཞིག་བསྒྲུབས་ཐུབ་ཀྱི་ཡོད་པར་ངོས་འཛིན་གནང་གི་འདུག
ཉི་མ་རྡོ་རྗེ་ལགས་ཀྱིས་སྤྱི་ཚོགས་སྣེ་ཁྲིད་ཀྱི་ལས་དོན་གནང་རྒྱུ་འདི་ལོ་ངོ་༣༨ཀྱི་གོང་༡༩༨༦ ལོར་(Calgary)་མཐོ་སློབ་འགྲིམས་པའི་སྐབས་འགོ་འཛུགས་གནང་ཡོད་ཅིང་། སྐབས་དེར་སློབ་གྲྭ་ནས་ལོ་གཅིག་རིང་བར་སེང་ཞུས་ཏེ་ཟླ་དྲུག་རིང་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་། ཟླ་བ་གཅིག་རིང་དབྱིན་ཡུལ་(London) དེ་ནས་སུད་སིའི་(Zurich) རྒྱ་གར་རྡ་རམ་རམ་ས་ལ་བཅས་སུ་ཟླ་བ་དགུའི་རིང་སྐུ་ཚབ་དོན་གཅོད་ཁང་དང་། དགའ་ལྡན་ཕོ་བྲང་གི་ཡིག་ཚང་བཅས་སུ་ཞབས་ཞུ་བསྒྲུབས་ཡོད། སྐབས་དེ་དག་ལ་ཁོང་ལ་སློབ་སྟོན་གནང་མཁན་ཡག་པོ་བྱུང་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་ལ། དེ་ཡང་༡༩༨༧ལོར་བོད་ནང་གནས་སྐོར་དུ་ཕྱིན་པའི་རྗེས། བོད་ནང་གི་བོད་མི་སྙིང་སྟོབས་ཅན་མང་པོ་ཐུགས་པས་ཁོང་སྒེར་གྱི་མི་ཚེའི་ནང་སེམས་འགུལ་ཤུགས་ཆེ་ཐེབས་ཤིང་། མི་ཚེའི་ཁ་ཕྱོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་ངོ་སྤྲོད་གནང་བྱུང་།
གསར་འགོད་པ། སྒྲོལ་མ་ལྷ་མོ། ནོར་སྡེ་སྒྲོལ་མ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།