ཁེ་ཎ་ཌའི་གྲོས་ཚོགས་འོག་མའི་ནང་བོད་མིའི་རང་ཐག་རང་གཅོད་དང་འབྲེལ་བའི་གྲོས་ཆོད་ལ་སྤྱི་མོས་གཏན་འབེབས་བྱུང་འདུག

དེ་ཡང་འདི་ཟླའི་ཚེས་༡༠་ཉིན། ཁེ་ན་ཌའི་དབུས་གྲོས་ཚོགས་འོག་མའི་ནང་(Bloc Québécois)་གི་འཐུས་མི་སྐུ་ཞབས་(Alexis Brunelle-Duceppe)་ལགས་ཀྱི་སྣེ་ཁྲིད་འོག བོད་མི་ཚོར་རང་ཐག་རང་གཅོད་ཀྱི་རང་དབང་ཐོབ་ཐང་ཡོད་པ་དང་འབྲེལ་བའི་སྐོར་ལ་གྲོས་ཆོད་བཏོན་གནང་བར་ཆབ་སྲིད་ཚོགས་པའི་འཐུས་མི་ཚོས་སྤྱི་མོས་ཀྱི་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། གྲོས་ཆོད་ནང་། སྤྱི་ནོར་༧གོང་ས་མཆོག་གི་མ་འོངས་ཡང་སྲིད་ལ་རྒྱ་ནག་གཞུང་གིས་ཐེ་ཇུས་བྱེད་མི་ཆོག་པ་དང་། དེ་བཞིན་བོད་མི་ཚོར་ཆོས་དང་རིག་གཞུང་། དཔལ་འབྱོར་བཅས་ཀྱི་ཐད་རང་ཐག་རང་གཅོད་ཀྱི་རང་དབང་དགོས་པ་བཅས་གསལ་སྟོན་གནང་ཡོད་པ་ཁེ་ཎ་ཌ་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གྲོས་ཆོད་དེ་ངོ་སྤྲོད་གནང་མཁན་གཙོ་བོ་གྲོས་ཚོགས་འཐུས་མི་སྐུ་ཞབས་(Alexis Brunelle-Duceppe)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། བོད་མི་རྣམས་ནི་རྒྱ་ནག་གི་དམ་དྲག་སྟངས་འཛིན་གྱི་སྲིད་ཇུས་འོག་རིག་གཞུང་སོགས་མེད་པར་གྱུར་བཞིན་པའི་གནོད་འཚེ་ཕོག་ཡུལ་ཡིན་པས། ད་རེས་གྲོས་ཆོད་དེ་བཏོན་དོན་གྲོས་ཚོགས་འཐུས་མི་རྣམ་པས་གྲོས་ཆོད་དེ་བརྒྱུད་བོད་ཀྱི་དངོས་ཡོད་གནས་སྟངས་དེར་ངོས་འཛིན་ཡོང་རྒྱུ་དང་། བོད་མི་རྣམས་ཀྱི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་ཡོང་ཆེད་དུ་ཡིན། ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི་སོགས་ཚང་མས་ཚོར་བ་རྣོ་བའི་ནང་དོན་ཡོད་པའི་གྲོས་འཆར་ཐད་རྒྱབ་སྐྱོར་གནང་བ་ནི་རྒྱུན་ལྡན་མ་ཡིན་པ་ཞིག་རེད། ཅེས་ཡིག་ཐོག་ལན་འདེབས་གནང་བྱུང་།
གཞན་དབུས་བོད་མི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དགའ་བསུ་དང་འབྲེལ། ད་རེས་ཁེ་ཎ་ཌའི་གྲོས་ཚོགས་ནང་བོད་མི་ཚོར་རང་ཐག་རང་གཅོད་ཀྱི་རང་དབང་དགོས་བའི་གྲོས་ཆོད་ལ་སྤྱི་མོས་གཏན་འབེབས་བྱུང་བ་དེས་བོད་ནང་གི་བོད་མི་ཚོའི་སོར་ཆུད་ཀྱི་ནུས་སྟོབས་དེ་བརྗེད་མེད་པའི་བརྡ་ལན་ཤུགས་ཆེན་ཞིག་ཡིན་པས། གྲོས་ཚོགས་འཐུས་མི་སྐུ་ཞབས་(Alexis Brunelle-Duceppe)་ལགས་གཙོས་ཆབ་སྲིད་ཚོགས་པ་ཚང་མའི་འཐུས་མི་ཚོའི་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཞུས་པ་(X)་དྲྭ་རྒྱར་བཀོད་འདུག
དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་རེས་ཁེ་ཎ་ཌའི་གྲོས་ཚོགས་ནང་བོད་མི་ཚོར་རང་ཐག་རང་གཅོད་ཀྱི་རང་དབང་དགོས་བའི་གྲོས་ཆོད་ལ་སྤྱི་མོས་གཏན་འབེབས་བྱུང་བ་དེར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐུགས་རྗེ་ཆེ་ཞུ། གྲོས་ཆོད་དེའི་ནང་བོད་མི་ཚོར་ཆོས་དང་རིག་གཞུང་སོགས་གང་ཅིའི་ཐད་ནས་རང་དབང་ཡོད་དགོས་པ་དང་། བོད་མི་ཚོར་བོད་ཀྱི་གནད་དོན་དང་འབྲེལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་དགོས་བ་སོགས་དོན་ཚན་ཁ་ཤས་འཁོད་འདུག་པས་གལ་ཆེན་ཆགས་ཡོད་པ་གསུངས་བྱུང་།
དེ་མིན་ཚེས་༡༠ཉིན་ཁེ་ཎ་ཌ་བོད་དོན་ལྷན་ཚོགས་ཀྱི་སྣེ་ཁྲིད་འོག་ཨོན་ཏྲེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ཀྲོ་རོན་ཀྲོ་ས་གནས་གཞོན་ནུ་ལྷན་ཚོགས། མདོ་ཁམས་ཆུ་བཞི་སྒང་དྲུག གཞོན་སྐྱེས་དང་བླངས་ཞུ་གཏུགས་གནང་མཁན། རྒྱལ་སྤྱིའི་དབུ་མའི་ལམ་གྱི་ལས་འགུལ་ཚོགས་པ། ཨོ་ཏྲ་བོད་རིགས་སྤྱི་མཐུན་ཚོགས་པའི་འཐུས་མི་བཅས་ཁྱོན་མི་གྲངས་བཞི་བཅུ་ལྷག་གིས་གྲོས་ཚོགས་འཐུས་མི་༡༣ལྷག་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་གནང་ཡོད་པ་རེད།
ཁེ་ཎ་ཌའི་གྲོས་ཚོགས་འོག་མའི་ནང་དུ་བོད་དོན་དང་འབྲེལ་བའི་གྲོས་ཆོད་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ་པ་ད་རེས་ཐེངས་གཉིས་པ་ཡིན་པ་དང་། དེ་སྔ་གྲོས་ཆོས་དང་པོ་སྐུ་ཞབས་(Garnet Genius)་ལགས་ཀྱིས་བཏོན་པའི་བོད་རྒྱ་ཞི་མོལ་དང་འབྲེལ་བའི་གྲོས་ཆོད་ལ་ཁེ་ན་ཌའི་དབུས་གྲོས་ཚོགས་ནང་སྤྱི་མོས་རྒྱབ་སྐྱོར་བྱུང་མྱོང་པ་རེད།
གསར་འགོད་པ། ཨྱོན། བཀྲ་ཤིས་དབང་ཕྱུག ཀླུ་འབུམ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།