ཁེ་ཎ་ཌའི་ནང་གི་བོད་པའི་སྤྱི་ཚོགས་ལ་ནུས་སྟོབས་སྤེལ་རྒྱུར་རོགས་འདེགས་བྱེད་དགོས་པ་ཁེ་ཎ་ཌའི་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་གྱིས་འབོད་སྐུལ་གནང་འདུག

2024.10.07
ཁེ་ཎ་ཌའི་ནང་གི་བོད་པའི་སྤྱི་ཚོགས་ལ་ནུས་སྟོབས་སྤེལ་རྒྱུར་རོགས་འདེགས་བྱེད་དགོས་པ་ཁེ་ཎ་ཌའི་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་གྱིས་འབོད་སྐུལ་གནང་འདུག ཁེ་ཎ་ཌ་གཞུང་གི་ཕྱིའི་ཐེ་བྱུས་དང་འབྲེལ་བའི་རྟོགས་ཞིབ་བྱེད་མཁན་གྱི་ལྷན་ཚོགས་ཀྱིས་ཉན་ཞིབ་སྐབས། ༡༠།༠༢།༢༠༢༤
Screenshot CPAC

སྤྱི་ཟླ་༡༠བའི་ཚེས་༢ཉིན་ཁེ་ཎ་ཌ་གཞུང་གི་རྟོགས་ཞིབ་ཆེད་འཛུགས་ཚོགས་ཆུང་གི་གཙོ་འཛིན་(Quebec)་ཁྲིམས་ཁང་གི་ཁྲིམས་དཔོན་(Marie-Josée Hogue)་ཡིས་ཕྱིའི་རྒྱལ་ཁབ་ཀྱིས་ཐེ་བྱུས་སྐོར་གྱི་གྲོས་བསྡུར་གྱི་ཉན་ཞིབ་ཚོགས་འདུ་ཞིག་བསྐོངས་པའི་ཐོག ཁེ་ཎ་ཌའི་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་ཀྱིས་ལྷན་ཞུགས་གནང་ཞིང་། ཁོང་གིས་ཁེ་ཎ་ཌའི་ནང་གི་བོད་མི་ཚོར་ཤུགས་རྐྱེན་ཐེབས་གཞིའི་རྒྱ་ནག་གིས་ལོག་འགྲེལ་བྱེད་པའི་གནས་ཚུལ་ཇི་བྱུང་དང་རྫུན་བཟོའི་གནད་དོན་སྐོར་གླེང་སློང་གསལ་བཤད་གནང་ཡོད་པ་དང་། དེའི་ཐོག་ཁོང་ཚོའི་དཀའ་ངལ་དེ་དག་སེལ་བའི་ཐབས་ལམ་འཚོལ་སྙེགས་བྱེད་དགོས་པ་དང་། ཁེ་ཎ་ཌའི་ནང་གི་བོད་པའི་སྤྱི་ཚོགས་ལ་ནུས་སྟོབས་སྤེལ་རྒྱུར་རོགས་འདེགས་བྱེད་དགོས་པའི་འབོད་སྐུལ་ཞུས་གནང་འདུག
ཉན་ཞིབ་དེའི་ཐོག་ཤེས་རབ་མཐར་ཕྱིན་ལགས་ཀྱིས་གསལ་བཤད་གནང་པའི་སྐབས་བདེན་དཔང་ངོ་སྤྲོད་གནང་པའི་ནང་དུ། གཙོ་བོ་ཁེ་ཎ་ཌའི་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཐེ་བྱུས་ཇི་ལྟར་བྱེད་ཀྱི་ཡོད་མེད་དང་། ལྷག་པར་བོད་མིའི་སྤྱི་ཚོགས་ལ་དམིགས་ནས་གནས་ཚུལ་ལོག་བཤད་དང་རྫུན་བཟོ་བྱས་པའི་གནད་དོན་དེ་དག་ཐེར་འདོན་གསལ་བཤད་གནང་ཡོད་ལ། ཡང་ཁོང་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་དང་དམིགས་འཛུགས་བྱེད་པའི་མི་སྣ་ཚོས་༧ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་གང་དུ་བཞུགས་ཡོད་མེད་དང་། བོད་ནང་གི་ཆོས་དད་རང་དབང་དང་རིག་གཞུང་སྲུང་སྐྱོབ་ཀྱི་དངོས་ཡོད་གནས་སྟངས་ཐད་རྫུན་གཏམ་བསྒྲགས་པ་སོགས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་ལོག་བཤད་བྱེད་ཀྱི་ཡོད་པའི་དཔེ་མཚོན་དང་བཅས་ར་སྤྲོད་གསལ་བཤད་གནང་ཡོད་པ་རེད།
ཤེས་རབ་མཐར་ཕྱིན་ལགས་ཀྱིས་ཁེ་ཎ་ཌ་དང་རྒྱ་ནག་དབར་གྱི་འབྲེལ་བའི་ཁྲོད་དུ་ཆ་མི་སྙོམ་པའི་གནས་སྟངས་ཤིག་ཡོད་པ་དེ་དག་གི་སྐོར་ནན་བཤད་གནང་ཡོད་པ་མ་ཟད། ཁོང་གིས་གོང་ཞུས་རྒྱལ་ཁབ་གཉིས་བར་ལ་དྲང་བདེན་དང་། འདྲ་མཉམ་གྱི་ལྟ་སྟངས་ཤིག་ཡོང་བའི་ཆེད་དུ་ཕྱོགས་གཉིས་ཀས་ཕན་ཚུན་གཅིག་གྱུར་གྱི་ཐོག་ནས་གུ་ཡངས་གཏོང་དགོས་པའི་དགོས་འདུན་བཏོན་གནང་ཡོད་པ་རེད།
ཁོང་གིས་ད་དུང་། ཕྱི་རྒྱལ་གྱི་ཐེ་བྱུས་ལ་བརྟེན་ནས་བོད་མི་དང་གཞན་ཡང་བཙན་བྱོལ་སྤྱི་ཚོགས་ནང་ཁྱབ་གདལ་དུ་འགྲོ་བཞིན་པའི་རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་འཇིགས་སྣང་དང་། དེ་ལ་བརྟེན་ནས་མི་མང་པོ་ཞིག་ལ་སེམས་ཁམས་ཀྱི་གནོན་ཤུགས་འབྱུང་གི་ཡོད་པ་དེ་སེལ་ཐབས་སུ་མི་སྒེར་སོ་སོས་ཐོབ་ཐང་རྣམས་ཕྱིའི་རྒྱལ་ཁབ་ཀྱི་ཤུགས་རྐྱེན་ལ་མི་ཞེད་པར་ལོངས་སུ་སྤྱོད་ཐུབ་པའི་ཆེད་ཁོང་གིས་མང་ཚོགས་རིམ་པའི་ནུས་སྟོབས་གོང་འཕེལ་གྱི་ལས་འཆར་ཁག་ལག་བསྟར་དང་གོ་རྟོགས་སྤེལ་དགོས་ཀྱི་ཡོད་པའི་དགོངས་ཚུལ་འགྲེལ་བརྗོད་གནང་འདུག
ཕྱི་ལོ་༢༠༢༣ལོའི་ཟླ་༩ཚེས་༧ ཉིན་ཁེ་ཎ་ཌ་གཞུང་གིས་གསར་འཛུགས་གནང་བའི་ཚོགས་ཆུང་དེས་ཞིབ་འཇུག་རིམ་པ་དང་པོ་ལེགས་གྲུབ་བྱུང་ཡོད་པ་དང་། སྤྱི་ལོ་༢༠༢༤ཟླ་ཚེས་༣ ཉིན་སྙན་ཐོ་ཞིག་འགྲེམས་སྤེལ་གནང་འདུག་པའི་ནང་། ཁེ་ཎ་ཌའི་འོས་བསྡུའི་ལས་རིམ་ལ་ཕྱིའི་ཤུགས་རྐྱེན་དང་ཐེ་བྱུས་ཇི་ལྟར་བྱུང་ཡོད་མེད་གསལ་འདོན་གནང་ཡོད་པ་རེད།
ད་དུང་རྒྱུན་སྐྱོང་བྱེད་བཞིན་པའི་ཞིབ་འཇུག་རིམ་པ་གཉིས་པའི་ནང་ཁེ་ཎ་ཌའི་ནང་དུ་ཕྱི་རྒྱལ་གྱི་ཐེ་བྱུས་ཀྱིས་ཤུགས་རྐྱེན་ཇི་ལྟར་ཐེབས་ཀྱི་ཡོད་མེད་ཐད་བོད་མིའི་སྐུ་ཚབ་ཐེ་བའི་གཞན་བཙན་བྱོལ་མི་རིགས་ཀྱི་ཚོགས་སྡེ་ཁག་ལ་ཐད་ཀར་ཉན་ཞིབ་ནང་མཉམ་ཞུགས་བྱེད་རྒྱུའི་གོ་སྐབས་གནང་བཞིན་ཡོད་པ་རེད།།

གསར་འགོད་པ། དབྱངས་སྒྲོན། བོད་རྒྱལ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎