རྒྱ་ནག་གཞུང་གིས་ལྗང་མདོག་འཕེལ་རྒྱས་ཞེས་པའི་ལས་གཞིའི་འོག་བོད་ནང་མུ་མཐུད་གཏེར་ཁ་སྔོག་མུས་ཡིན་འདུག

2023.07.27
རྒྱ་ནག་གཞུང་གིས་ལྗང་མདོག་འཕེལ་རྒྱས་ཞེས་པའི་ལས་གཞིའི་འོག་བོད་ནང་མུ་མཐུད་གཏེར་ཁ་སྔོག་མུས་ཡིན་འདུག མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་གི་གཏེར་ཁ་སྔོག་ཡུལ།
File photo

སྤྱི་ལོ་༢༠༢༣ལོའི་སྤྱི་ཟླ་༧པའི་ཚེས་༢༥ཉིན་རྒྱ་ནག་གཞུང་འབྲེལ་གྱིས་གནས་ཚུལ་སྤེལ་བའི་ནང་། བོད་ལྗོངས་ལྷོ་ཁ་ཁུལ་དུ་ཀོ་ལྕགས་(Chromium)་ཞེས་པའི་གཏེར་རྫས་སྔོག་འདོན་བྱེད་ཡུལ་གྱི་ས་ཁུལ་ཁག་སླར་གསོ་ཡོང་ཆེད། ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་ཞེས་པའི་ལས་གཞི་འགོ་འཛུགས་བྱས་ཡོད་པ་བསྒྲགས་འདུག
དེའི་ཐད་བོད་ནང་ཐེངས་མང་ཕྱིན་ཏེ་ཁོར་ཡུག་སྐོར་ལ་ཉམས་ཞིབ་ཀྱིས། བཞུ་བཞིན་པའི་བོད་(Meltdown in Tibet)་ཅེས་པའི་དཔེ་དེབ་རྩོམ་པ་པོ་དང་ཉམས་ཞིབ་པ་སྐུ་ཞབས་མཱ་ཁིལ་བྷ་ཀི་ལེ་( Michael Buckley)་ལགས་ཀྱིས། རྒྱ་ནག་གཞུང་གིས་རྒྱལ་ཡོངས་ལྗང་མདོག་གཏེར་འདོན་(National Green Mining)་ཞེས་པ་དེར་གོ་དོན་ཅི་ཡང་མེད། དོན་དངོས་ཐོག་གཏེར་ཁ་སྔོག་འདོན་བྱས་པ་ཙམ་གྱིས། ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཀྱི་ཡོད་མ་ཟད། གཏེར་ཁ་སྔོག་འདོན་བྱས་ཡུལ་ས་ཁུལ་ནི། འཛམ་གླིང་སྟེང་གི་འབག་བཙོག་ཆེ་ཤོས་གྲས་ཀྱི་བཟོ་གྲྭ་དེ་ཡིན། དེའི་གད་སྙིགས་ཡོང་རྫོགས་མཐའ་མཇུག་འཁྱིལ་ཆུའམ་རྒྱུག་ཆུའི་ནང་འགྲོ་ཡི་ཡོད་པ་དེའི་རྐྱེན་པས། ས་རུལ་ལ་སོགས་པའི་གོད་ཆག་བྱུང་གི་ཡོད། གང་ལྟར། གོང་ཞུས་ལྗང་མདོག་གཏེར་འདོན་ལས་གཞི་དེས་ཕན་པ་ལས་གནོད་སྐྱོན་མང་བ་ཡོང་གི་ཡོད་པ་མ་ཟད། དེའི་མིང་ཐོག་ནས་བོད་ནང་མུ་མཐུད་གཏེར་ཁ་སྔོག་འདོན་བྱེད་རྒྱུ་དེ་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་ནས་འགྲེལ་བརྗོད་གནང་བྱུང་།
ལྷོ་ཁ་ས་ཁུལ་གྱི་ཆུ་གསུམ་རྫོང་ནི་ཀོ་ལྕགས་(Chromium)་ཞེས་པའི་གཏེར་རྫས་ཀྱི་འབྱུང་ཁུངས་ལྟེ་བ་ཞིག་ཡིན་པ་མ་ཟད། རྒྱ་ནག་རྒྱལ་ཡོངས་ནང་ཀོ་ལྕགས་ཀྱི་གཏེར་རྫས་མང་ཤོས་ཐོན་སའི་ས་ཁུལ་ཞིག་ཀྱང་ཡིན་པ་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་འདུག ད་དུང་(China Baowu Tibet Mining Company)་ཞེས་པའི་གཏེར་ཁ་སྔོག་འདོན་དང་འབྲེལ་བའི་བཟོ་གྲྭའི་ཡན་ལག་ཅིག་ཀྱང་ཆུ་གསུམ་རྫོང་དུ་ཡོད་འདུག
ཀོ་ལྕགས་(Chromium)ནི་བར་བརྒལ་ལྕགས་རིགས་ཞིག་ཡིན་ཞིང་། དེའི་འབྱུང་རྒྱུའི་མཚོན་རྟགས་ནི་(Cr)་ཡིན་པ་དང་། གཏེར་རྫས་དེའི་རང་མདོག་ནི་སྔོ་སྐྱ་ཡིན་པ་མ་ཟད། རྫས་གཞན་དང་བསྲེས་ན་ཁ་དོག་སྣ་ཚོགས་སུ་འགྱུར་གྱི་ཡོད་པས། དྭངས་ལྕགས་བཟོ་གྲྭ་ལ་དམིགས་བསལ་དགོས་མཁོ་ཆེ་བའི་གཏེར་རྫས་ཤིག་ཀྱང་ཡིན་པ་རེད། འོན་ཀྱང་། གཏེར་རྫས་དེ་སྔོག་འདོན་བྱས་པའི་རྗེས་འབྲས་སུ། རང་བྱུང་སྣོད་བཅུད་ལ་གནོད་སྐྱོན་ཚབས་ཆེན་བྱུང་གི་ཡོད་འདུག
ཡང་ཉམས་ཞིབ་པ་སྐུ་ཞབས་མཱ་ཁིལ་བྷ་ཀི་ལེ་( Michael Buckley)་ལགས་ཀྱིས། བོད་ནང་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་བྱས་ཏེ། ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་བཏང་ཡོད་པ་མ་ཟད། གཏེར་སྔོག་འདོན་མང་དྲགས་པའི་རྐྱེན་གྱིས། རྒྱུག་ཆུ་ཁག་འབགས་བཙོག་གྱུར་ཏེ། འབྲོག་པ་ཚོའི་སྒོ་ཕྱུགས་སེམས་ཅན་ལ་སོགས་པ་རྐྱེན་འདས་སུ་ཕྱིན་པའི་གནས་ཚུལ་བྱུང་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
སྤྱི་ལོ་༢༠༢༠ལོར་གོང་ཞུས་གཏེར་ཁ་སྔོག་འདོན་དང་འབྲེལ་བའི་བཟོ་གྲྭ་དེ་བཞིན་རྒྱལ་ཡོངས་ལྗང་མདོག་གཏེར་འདོན་(National Green Mining)་ལས་གཞིའི་ཁུངས་སུ་བཅུག་ཡོད་པ་རྒྱ་གཞུང་གིས་དྲིལ་བསྒྲགས་བྱས་འདུག་པ་མ་ཟད། བཟོ་གྲྭ་དེའི་བཀོད་འདོམ་པ་གཞོན་པ་(Li Jun)་གྱིས། བཟོ་གྲྭའི་ངོས་ནས་ཉེ་བའི་ལོ་ཤས་ནང་། རྒྱ་སྒོར་ས་ཡ་༥༠འམ་ཨ་སྒོར་ས་ཡ་༧གྱི་མ་འཛུགས་བྱས་ཏེ། དེ་སྔ་གཏེར་ཁ་སྔོག་འདོན་བྱས་པའི་ས་ཁུལ་(Hectare)་༦༣ ལས་མང་བ་བསྐྱར་གསོ་བྱ་འཆར་ཡོད་ལུགས་བརྗོད་འདུག་པ་དང་། འབྱུང་འགྱུར་འབགས་བཙོག་མེད་པའི་གཏེར་ཁ་སྔོག་འདོན་བྱེད་ཡུལ་གྱི་ཁོར་ཡུག་བསྐྲུན་རྒྱུ་ནི་ང་ཚོས་དམིགས་ཡུལ་ཡིན་ཞེས་ཁོང་གིས་བརྗོད་འདུག
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བོད་ནང་གཏེར་ཁ་སྔོག་འདོན་ཐོག་ཉམས་ཞིབ་པ་དོན་གྲུབ་དབང་མོ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་གཏེར་ཁ་སྔོག་འདོན་ལ་འགོག་རྐྱེན་མི་ཡོང་བའི་ཆེད་གཏེར་ཁ་ཡོད་སའི་ས་གནས་སུ་གནས་སྡོད་བོད་ཀྱི་འབྲོག་པ་རྣམས་བཙན་གྱིས་གནས་སྤོ་བྱེད་བཅུག་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག
རིང་མིན་ལྷོ་ཁའི་ཁུལ་དུ་གཏེར་ཁ་སྔོག་འདོན་དང་འབྲེལ་བའི་བཟོ་གྲྭ་དེའི་ལས་བྱེད་པ་ཚོའི་ཆེད་དུ་སྐྱེལ་ཚལ་དང་། བཙོག་ཆུའི་ཡུར་བ། རྕེད་རྭ། རླངས་འཁོར་འཇོག་ཡུལ་བཅས་ཀྱི་མཐུན་རྐྱེན་འཛོམས་པའི་གཏན་སྡོད་བྱེད་ཡུལ་གྱི་སྡོད་གནས་བཟོ་སྐྲུན་བྱ་འཆར་ཡོད་པ་རྒྱ་གཞུང་གིས་བརྗོད་འདུག འོན་ཀྱང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས། རྒྱ་ནག་གཞུང་གིས་གཏེར་ཁ་བསྔོག་འདོན་བྱེད་པའི་བརྒྱུད་རིམ་ཁྲོད་ལས་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་ཀྱི་གནས་སྟངས་བཅས་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པ་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།
གཞན་ཡང་༢༠༢༣ལོ་ཤར་མ་ཐག་ཏུ་རྒྱ་ནག་གཞུང་གིས། དུས་རབས་གསར་པའི་ནང་ལྗང་མདོག་འཕེལ་རྒྱས་ཞེས་དྲིལ་བསྒྲགས་རང་བཞིན་གྱི་རྒྱབ་ཤ་དཀར་པོའི་དཔེ་དེབ་ཤིག་འགྲེམས་སྤེལ་བྱས་འདུག་པའི་ནང་། ༢༠༡༢ནས་༢༠༢༡བར་རྒྱ་ནག་གཞུང་གིས་ལྗོན་ཤིང་ས་ཡ་༦༤འདེབས་འཛུགས་བྱས་ཡོད་ཚུལ་བརྗོད་འདུག


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎