ཨ་རིའི་གྲོས་ཚོགས་གོང་མའི་ནང་ཐེ་ཝན་དང་འབྲེལ་བའི་སྲིད་བྱུས་ཁྲིམས་འཆར་ལ་མང་མོས་རྒྱབ་སྐྱོར་ཐོབ་འདུག

ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་ཕྱི་ལོ་༢༠༢༢ལོའི་ཐེ་ཝན་གྱི་སྲིད་བྱུས་ཁྲིམས་འཆར་ལ་མང་མོས་རྒྱབ་སྐྱོར་གནང་བར་རྒྱ་ནག་གིས་ངོ་རྒོལ་བྱས་ཡོད་འདུག
དེ་ཡང་རོའུ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་༡༥ཉིན་རྒྱ་ནག་གཞུང་གིས་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཐེ་ཝན་གྱི་སྲིད་བྱུས་ཁྲིམས་འཆར་ལ་མང་མོས་རྒྱབ་སྐྱོར་བྱས་བར་ངོ་རྒོལ་བྱས་ཡོད་པ་དང་། རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་ལྷན་ཚོགས་ཐོག ཁྲིམས་འཆར་དེ་གལ་སྲིད་མུ་མཐུད་དུ་མདུན་སྐྱོད་བྱས་ཚེ། ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་ལམ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་ལུགས་དང་། ཁྲིམས་འཆར་གསར་པ་གཏན་འབེབས་བྱུང་བ་ཡིན་ན་དེས་ཐེ་ཝན་རང་བཙན་ཤོག་ཁག་ལ་ནོར་འཁྲུལ་གྱི་གོ་བརྡ་བཏང་བ་ཞིག་ཡིན་པས། རྒྱ་ནག་གི་ཕྱོགས་ནས་ཁྲིམས་འཆར་དེ་གཏན་འབེབས་བྱ་རྒྱུར་མཐའ་གཅིག་ཏུ་ནས་ངོ་རྒོལ་བྱ་རྒྱུ་ཡིན། འཛམ་གླིང་ནང་རྒྱ་ནག་གཅིག་ལས་མེད་པ་དང་ཐེ་ཝན་ནི་རྒྱ་ནག་གི་ཁ་བྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པ་སོགས་བརྗོད་འདུག
ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་ནང་། ཕྱི་ཚེས་༡༤ཉིན་ཁྲིམས་འཆར་དེར་འཐུས་མི་༡༧ཀྱིས་རྒྱབ་སྐྱོར་དང་འཐུས་མི་ལྔ་ཡིས་རྒྱབ་སྐྱོར་མེད་པའི་འོས་ཤོག་འཕངས་མཐར་མང་མོས་རྒྱབ་སྐྱོར་ཐོབ་ཡོད་པ་དང་། ཐེ་ཝན་གྱི་སྲིད་བྱུས་ཁྲིམས་འཆར་དེ་ནི་ཕྱི་ལོ་༡༩༧༩ལོར་ཨ་རིའི་གྲོས་ཚོགས་ནས་གཏན་འབེབས་བྱས་པའི་ཐེ་ཝན་གྱི་འབྲེལ་ལམ་སྲིད་བྱུས་ཁྲིམས་གཞི་ལག་བསྟར་བྱས་པ་ནས་བཟུང་། ཁྱོན་ཡོངས་ནས་ཨ་རིས་ཐེ་ཝན་ལ་སྲིད་བྱུས་འཛིན་སྟངས་ཀྱི་ཁྲིམས་གཞི་བསྐྱར་སྒྲིག་བྱས་པ་ཞིག་ཡིན་ཞིང་། དེའི་ནང་ལས་དོན་མང་པོ་ཞིག་ཐད་ཨ་རི་དང་ཐེ་ཝན་གྱི་འབྲེལ་ལམ་མཐོ་རུ་བཏང་ཡོད་པ་མ་ཟད། ཐེ་ཝན་གྱི་བདེ་འཇགས་གནད་དོན་ཕུད་དེ་བཞིན་མངའ་ཁུལ་གྱི་བརྟན་ལྷིང་དང་། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུར་འགོག་ཐབས་སོགས་ཚུད་ཡོད་པ་རེད། ད་དུང་ཤོག་གྲངས་༡༥༠ཡོད་པའི་ཨ་རིའི་གྲོས་ཚོགས་གོང་མའི་ཁྲིམས་འཆར་དེའི་ནང་། ཨ་རིའི་གྲོས་ཚོགས་ནས་ད་དུང་ཁྱོན་ཡོངས་ནས་དཔལ་འབྱོར་ཉེས་ཆད་ཀྱི་ལམ་ལུགས་བཟོས་ནས་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་གྱི་ཧམ་སེམས་འགོག་ཐབས་བྱ་རྒྱུ་སོགས་བཀོད་ཡོད་འདུག
ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་(Bob Menendez)་ཡིས་ཁྲིམས་འཆར་དེ་གཏན་འབེབས་བྱེད་པའི་སྐབས། ཁྲིམས་འཆར་དེའི་གལ་གནད་ནི་ཐེ་ཝན་གྱི་བདེ་འཇགས་ལ་རོགས་འདེགས་བྱ་རྒྱུ་དང་འབྲེལ་རྒྱ་ནག་གི་འཇིགས་སྐུལ་ཉེན་ཚབས་འགོག་སྲུང་གི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་ཡིན་པ་གསུངས་ཡོད་པ་རེད།
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།