ཐེ་ཝན་གྱིས་རྒྱ་ནག་གི་དམག་དཔོན་ཟུར་པ་ཞིག་ཐེ་པེ་ཉེ་ཁུལ་ནས་འཛིན་བཟུང་བྱས་འདུག
ཐེ་ཝན་མཚོ་ཁུལ་དུ་མྱུར་ཚད་མགྱོགས་པའི་གྲུ་གཟིངས་བཏང་ནས་ཁྲིམས་འགལ་ངང་ཡོང་མཁན་རྒྱ་ནག་གི་མཚོ་དམག་དམག་དཔོན་ཟུར་པ་ཞིག་ཐེ་ཝན་གྱིས་འཛིན་བཟུང་བྱས་ཡོད་འདུག
འདི་ཚེས་༩རེས་གཟའ་ཉི་མའི་ཉིན། ཐེ་ཝན་གྱི་མཚོ་ཐོག་ཉེན་རྟོག་དམག་མིས་ཐེ་པེ་(Taipei)་ཁུལ་གྱི་གཙང་པོའི་ཐོག་ཁྲིམས་འགལ་གྱིས་འཛུལ་བའི་མྱུར་ཚད་མགྱོགས་པའི་གྲུ་གཟིངས་ཞིག་བཀག་འགོག་གིས་གྲུ་གཟིངས་གཏོང་མཁན་འཛིན་བཟུང་བྱས་ཡོད་པའི་སྐོར་ཐེ་ཝན་གྱི་མཚོ་ཁུལ་ཉེན་རྟོག་སྟངས་འཛིན་ལས་དོན་ལྷན་ཁང་གི་འགན་འཛིན་ཁོན་བྷེ་ལིན་(Kuan Bi-ling)་གྱིས་གྲོས་ཚོགས་ནང་སྙན་སེང་ཞུས་ཡོད་པ་དང་། འཛིན་བཟུང་བྱས་པའི་གྲུ་གཟིངས་གཏོང་མཁན་དེ་ནི་དེ་སྔོན་རྒྱ་ནག་གི་མཚོ་དམག་དམག་དཔུང་གི་དམག་དཔོན་ཞིག་ཡིན་པ་ཤེས་རྟོགས་བྱུང་བ་དང་། གནས་ཚུལ་དེ་རིགས་འདས་པའི་ལོ་གཅིག་ཙམ་རིང་ཐེངས་༡༨་བྱུང་ཡོད་པ་དང་། དེའི་ནང་ནས་མང་ཆེ་བ་རྒྱ་ནག་དང་ཉེ་འབྲེལ་གྱི་ཐེ་ཝན་མཚོ་ཁུལ་དུ་བྱུང་ཡོད་ཅིང་། འཛིན་བཟུང་བྱས་པའི་མི་དེས་ཐེ་ཝན་མཚོ་ཁུལ་གྱི་སྲུང་སྐྱོབ་གནས་ཚུལ་རྟོག་ཞིབ་ཆེད་དུ་ཁུལ་དེའི་ནང་ཁྲིམས་འགལ་གྱིས་འཛུལ་བ་ཞིག་ཡིན་པའི་སྐོར་ཡང་འགྲེལ་བརྗོད་གནང་འདུག དེའི་ཐད་རྒྱ་ནག་གི་ཐེ་ཝན་ལས་དོན་ལྷན་ཁང་དང་བདེ་སྲུང་ལྷན་ཁང་གཉིས་ཀས་འཕྲལ་དུ་ལན་འདེབས་གང་ཡང་བྱས་མེད་པ་རེད།
ཐེ་ཝན་བདེ་སྲུང་ལྷན་ཁང་གི་བློན་ཆེན་(Wellington Koo)་གྱིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས། ད་རེས་རྒྱ་ནག་གི་དམག་དཔོན་ཟུར་པ་ཞིག་ཐེ་ཝན་མཚོ་ཁུལ་དུ་འཛུལ་ཐབས་བྱས་བ་དེ་རྒྱ་ནག་གིས་ཐེ་ཝན་དང་རྒྱ་ནག་བར་གྱི་བདག་དབང་ཁ་གསལ་མེད་པའི་མཚོ་རྒྱུད་དུ་སྟངས་འཛིན་ཐབས་བྱུས་སྤེལ་ཀྱི་ཡོད་པའི་དཔེ་མཚོན་གཞན་ཞིག་ཡིན་པའི་སྐོར་གསུངས་འདུག
ཉེ་བའི་ལོ་ཤས་ནང་རྒྱ་ནག་གིས་ཕྱོགས་གཉིས་བར་བདག་དབང་གསལ་ཁ་མེད་པ་ཟེར་བའི་མཚོ་ཁུལ་དུ། དམག་འཐབ་ཀྱི་རྣམ་པ་བསྐྲུན་བཞིན་ཡོད་པར་ཐེ་ཝན་ཕྱོགས་ནས་སྐྱོན་བརྗོད་བྱེད་མུས་ཡིན་པ་དང་། ཐེ་ཝན་བདེ་སྲུང་ལྷན་ཁང་གི་བློན་ཆེན་(Wellington Koo)་ནས་ཀྱང་། བདག་དབང་ཁ་གསལ་མེད་པའི་ཁུལ་དུ་དམག་འཐབ་ཀྱི་གནས་སྟངས་གནས་མུས་ཡིན་པ་དང་། དེར་བརྟེན་ཐེ་ཝན་ཕྱོགས་ནས་ངེས་པར་དུ་དོགས་ཟོན་བྱས་ཏེ། ཕར་ཕྱོགས་སུ་རྒོལ་ལན་སློག་རྒྱུའི་བྱ་སྤྱོད་དོར་རྒྱུ་མེད་པའི་སྐོར་གསུངས་འདུག
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།