ཐེ་ཝན་ནང་རྒྱ་ནག་གི་ཤུགས་རྐྱེན་སྤྲོད་ཐབས་བྱེད་མཁན་རྒྱ་རིགས་བུད་མེད་ཅིག་ཐེ་ཝན་ནས་ཕྱིར་ཐོན་དགོས་བ་ཐེ་ཝན་གྱིས་བཀོད་ཁྱབ་བཏང་འདུག
ཐེ་ཝན་གྱི་མི་སེར་ཞིག་གི་བཟའ་ཟླ་རྒྱ་རིགས་བུད་མེད་ལིའུ་ཀྲིན་ཡ་ (Liu Zhenya) ཟེར་བ་ཞིག་གིས་རྒྱ་ནག་གཞུང་གིས་ཐེ་ཝན་ལ་དྲག་ཤུགས་བེད་སྤྱོད་བྱ་རྒྱུར་མངོན་གསལ་དོད་པོས་རྒྱབ་སྐྱོར་བྱས་པ་དང་ཐེ་ཝན་ནང་རྒྱ་ནག་གི་ཤུགས་རྐྱེན་སྤྲོད་ཐབས་བྱེད་བཞིན་པར་བརྟེན། མོ་རང་རེས་གཟའ་པ་སངས་སྔོན་ལ་ཐེ་ཝན་ནས་ཕྱིར་མ་ཐོན་ཚེ་ཁྲིམས་ལུགས་ལྟར་བཙན་དབང་གིས་ཕྱིར་འབུད་གཏོང་རྒྱུ་ཡིན་པ་ཐེ་ཝན་གྱི་ཕྱི་མི་གཞིས་སྤོ་ལས་ཁུངས་ནས་བསྒྲགས་ཡོད་པ་ཐེ་པེ་དུས་བབ་ཀྱིས་གནས་ཚུལ་སྤེལ་འདུག
བུད་མེད་ལིའུ་ཡིས་ཐེ་ཝན་ནང་དུ་དྲ་མིང་ཡ་ཡ་ཞེས་འབོད་ཅིང་དྲྭ་ལམ་དུ་སྐད་གྲགས་ཡོད་པའི་མི་སྣ་ཞིག་ཡིན་པ་དང་། མོས་ཐེ་ཝན་པ་ཞིག་དང་གཉེན་སྒྲིག་བྱས་པ་བརྒྱུད་ནས་ཐེ་ཝན་ནང་གཏན་སྡོད་ཐོབ་ཐང་ཐོབ་ཡོད་འདུག
མོས་རང་ཉིད་ཀྱི་སྤྱི་ཚོགས་དྲ་རྒྱ་ (YouTube) ་དང་ (TikTok) སོགས་བརྒྱུད་ལམ་ཁག་ཏུ་ཡང་ཡང་ཐེ་ཝན་ཟླ་སྒྲིལ་ལ་རྒྱབ་སྐྱོར་བྱེད་པའི་གནས་ཚུལ་འདྲ་མིན་སྤེལ་བ་དང་། རྒྱ་ནག་གི་འགོ་ཁྲིད་ལ་བསྟོད་བསྔགས་བཏང་བ་དང་རྒྱ་ནག་གཞུང་གིས་ཆུ་ཚོད་ཕྱེད་ཀའི་ནང་ཐེ་ཝན་ལ་དབང་བསྒྱུར་བྱེད་ཐུབ། རྒྱ་ནག་གིས་དྲག་ཤུགས་བེད་སྤྱད་ནས་ཐེ་ཝན་མཉམ་དུ་ཟླ་སྒྲིལ་གཏོང་དགོས། ཐེ་ཝན་ནི་རྒྱ་ནག་དང་ཁ་བྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་ཞེས་ཡང་ཡང་རྒྱ་ནག་གཞུང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་གྱི་བསམ་ཚུལ་དང་གནས་ཚུལ་སྤེལ་ཡོད་པ་རེད།
དེའི་སྔོན་ཚེས་༡༣ཉིན་ཐེ་ཝན་གྱི་སྲིད་འཛིན་ཝི་ལི་ཡམ་ལའེ་ (William Lai Ching-te) ཡིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ལ། རྒྱ་ནག་གཞུང་གིས་ཐེ་ཝན་གྱི་བདེ་འཇགས་ཉམས་རྒུད་དུ་གཏོང་ཐབས་སུ་གསང་འཛུལ་དང་། གསང་མྱུལ་སོགས་ཀྱི་བྱ་སྤྱོད་ཤུགས་ཆེ་རུ་གཏོང་བཞིན་པའི་ཐད་ཁ་གཏད་གདོང་ལེན་བྱེད་པའི་བྱ་ཐབས་ཤུགས་ཆེ་རུ་ལག་བསྟར་བྱེད་གཏོང་རྒྱུ་ཡིན་པ་གསུངས་པ་དང་ཆབས་ཅིག ཉེ་ཆར་རྒྱ་ནག་དང་ཕན་ཚུན་དོན་རྐྱེན་རིམ་པ་ཞིག་འཕྲད་པའི་གནས་སྟངས་ལུངས་འདྲེན་གནང་སྟེ་དེ་དག་ནི་དྲག་པོའི་དམག་འཐབ་མ་ཡིན་པའི་ཐེ་ཝན་མི་དམངས་ཀྱི་སེམས་ཁམས་ལ་ཤུགས་རྐྱེན་སྤྲད་ཐབས་ཀྱི་བྱ་སྤྱོད་ཅིག་དང་། མི་དམངས་ཀྱི་བློ་སེམས་འགུག་ཐབས་ཀྱི་བྱ་སྤྱོད་ཅིག་ཡིན་པས་རྒྱ་ནག་གཞུང་གིས་ཐེ་ཝན་གྱི་རྒྱལ་སྲུང་ལ་ཡིད་ཆེས་མེད་པ་བཟོ་ཐབས་དང་གསང་བ་མཁོ་སྒྲུབ་བྱེད་པ། དྲག་ཆས་དམག་མིའི་ནང་བསླུ་བྲིད་བྱེད་པ། དམངས་ཀྱི་བསམ་བློར་ཤུགས་རྐྱེན་སྤྲོད་པའི་བྱ་སྤྱོད་སྤེལ་བཞིན་པ་དེ་དག་སྔོན་འགོག་བྱ་རྒྱུ་དང་། སྔོན་ཚུད་ནས་དོན་རྐྱེན་དེ་རིགས་ཤེས་རྟོགས་ཐུབ་ཐབས་སུ་ཁྲིམས་མཐུན་གྱི་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་དགོས་པ་གསུངས་ཡོད་པ་རེད།
གསར་འགོད་པ། ལོ་ཡག་བཀྲ་ཤིས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།