རྒྱ་ནག་གི་མཁའ་དམག་གནམ་གྲུ་དང་མཚོ་དམག་གྲུ་གཟིངས་ཐེ་ཝན་མཚོ་གླིང་གི་ས་མཚམས་བརྒལ་ནས་སྐོར་གཡེང་བྱས་འདུག
ཕྱི་ཟླ་ ༢ ་ཚེས་ ༢༣ ་རེས་གཟའ་ཟླ་བ་ཉིན། ཐེ་ཝན་མཚོ་གླིང་མངའ་ཁུལ་དུ་རྒྱ་ནག་བཅིངས་གྲོལ་དམག་དཔུང་གི་གནམ་གྲུ་ ༥ དང་། མཚོ་དམག་གྲུ་གཟིངས་༡༠ གཞུང་འབྲེལ་མཚོ་གྲུ་ ༢ གཉིས་དང་སོ་ལྟའི་དབུགས་ལྒང་གཉིས་ཆེད་གཏོང་གིས། ཐེ་ཝན་མཚོ་གླིང་གི་ལྷོ་ནུབ་རྒྱལ་མཚམས་ས་ཐིག་བརྒལ་བའི་བྱ་སྤྱོད་སྤེལ་བའི་གནས་ཚུལ་ཐེ་ཝན་རྒྱལ་སྲུང་བློན་ཆེན་ལས་ཁུངས་ནས་ཤེས་རྟོགས་བྱུང་བ་དང་། དེའི་ཐད་གནས་ཚུལ་ལྟ་ཞིབ་ཀྱིས་ཡ་ལན་སློག་རྒྱུ་ཡིན་སྐོར་སྤྱི་ཚོགས་དྲ་ལམ་ (X) ་གནས་ཚུལ་སྤེལ་འདུག
དེ་བཞིན་དུ་ཕྱི་ཚེས་ ༢༢ ཉིན་ཐེ་ཝན་རྒྱལ་སྲུང་བློན་ཆེན་ལས་ཁུངས་ནས། རྒྱ་ནག་གཞུང་གིས་ཐེ་ཝན་མཚོ་གླིང་གི་མཁའ་དབྱིངས་བརྒྱུད་ཞི་ཁྲང་ (XSLC) ཞེས་པའི་མེ་ཤུགས་འཕུར་འདེལ་ཞིག་བཏང་ཡོད་པ་དང་། ཐེ་ཝན་དམག་དཔུང་ཕྱོགས་ནས་བརྒྱུད་རིམ་ལ་ལྟ་ཞིབ་དང་ཡ་ལན་བྱེད་པར་གྲ་སྒྲིག་འཐུས་ཚང་ཡོད་སྐོར་སོགས་བསྒྲགས་ཡོད་པ་རེད།5 sorties of PLA aircraft, 10 PLAN vessels and 2 official ships operating around Taiwan were detected up until 6 a.m. (UTC+8) today. 3 sorties crossed the median line and entered Taiwan’s southwestern and southeastern ADIZ. 2 PRC balloons was detected during this timeframe. pic.twitter.com/ETMa32J8NH
— 國防部 Ministry of National Defense, ROC(Taiwan) 🇹🇼 (@MoNDefense) February 24, 2025
སྤྱིར་འདས་པའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་ཐེ་ཝན་མཚོ་གླིང་དུ། མེས་རྒྱལ་གཅིག་གྱུར་དང་ཐེ་ཝན་ནི་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བཤད་ནས་ཐེ་ཝན་མཚོ་གླིང་དུ་དམག་དཔུང་ཡང་ཡང་བཙན་འཛུལ་དང་བསུན་གཙེར་འཇིགས་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་རེད།
ཉེ་ལམ་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་དྲྭ་རྒྱའི་ཐོག་ཏུ་བཀོད་པའི་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་མེད་ཅེས་པའི་བརྗོད་ཚིག་ཕྱིར་འཐེན་བྱས་པ་དེས་རྒྱ་ནག་གཞུང་ལ་ཁོང་ཁྲོ་བསླངས་ཡོད་པ་དང་། དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཇིམ་རེས་ཆི་ (Jim Risch) ལགས་དང་། གྲོས་ཚོགས་གོང་མའི་འཐུས་མི་རྗེན་ཤཱ་ཧན་ (Jeanne Shaheen) ལགས། གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་པི་ཊི་རིས་ཀེ་ཊི་ (Pete Ricketts) ལགས་བཅས་ཀྱིས་རྒྱ་ནག་གཞུང་གིས་ཐེ་ཝན་གྱི་བདག་དབང་ལེན་པར་ཨ་རི་དང་རྒྱལ་ཁབ་གཞན་ལ་གནོན་ཤུགས་སྤྲོད་པར་ངོ་རྒོལ་དང་། ཨ་རིས་ཐེ་ཝན་ལ་རྒྱབ་སྐྱོར་ཡོད་པ་དང་། ཐེ་ཝན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་ཞུགས་རྒྱུར་བཀག་འགོག་བྱེད་མི་རུང་ཞེས་མཉམ་འབྲེལ་གྲོས་འཆར་བཏོན་ཡོད་པ་རེད།
གསར་འགོད་པ། ལོ་ཡག་བཀྲ་ཤིས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།