ཐེ་ཝན་རང་ཉིད་ཀྱིས་མཚོ་དམག་གི་གྲུ་གཟིངས་བཟོ་བསྐྲུན་ལེགས་འགྲུབ་དང་སྲིད་འཛིན་གྱིས་དབུ་འབྱེད་གནང་འདུག

ཐེ་ཝན་གྱི་སྲིད་འཛིན་མཆོག་གིས་ཐེ་ཝན་རྒྱལ་ནང་དུ་བཟོས་པའི་མཚོ་དམག་གི་གྲུ་གཟིངས་དབུ་འབྱེད་དང་མཉམ་ཐེ་ཝན་མཚོ་དམག་ལ་འགན་དབང་སྤྲད་འདུག
དེ་ཡང་རྒྱ་ནག་དང་ཐེ་ཝན་བར་གྱི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པའི་རྐྱེན་གྱིས་ཐེ་ཝན་གྱིས་རང་ཉིད་སྲུང་སྐྱོབ་ཀྱི་ནུས་པ་འཕེལ་རྒྱས་གཏོང་རྒྱུའི་འཆར་གཞི་ཡོད་པ་ལྟར། འདི་ཚེས་༩་རེས་གཟའ་ཕུར་བུའི་ཉིན་ཐེ་ཝན་གྱི་སྲིད་འཛིན་ལྕམ་(Tsai Ing-wen)་ལགས་ཀྱིས་ཐེ་ཝན་རང་གིས་བཟོས་པའི་མཚོ་དམག་གི་གྲུ་གཟིངས་དབུ་འབྱེད་དང་མཉམ་ཐེ་ཝན་མཚོ་དམག་ལ་འགན་དབང་སྤྲད་ནས། ཐེ་ཝན་གྱི་ཤཪ་ཕྱོགས་མཚོ་ཁའི་མཚོ་དམག་རྟེན་གཞི་ཁང་(Su’ao)་ནས་གཏམ་བཤད་གནང་སྐབས། ཐེ་ཝན་རང་ཉིད་ཀྱིས་བཟོ་བསྐྲུན་བྱས་པའི་མཚོ་དམག་གི་གྲུ་གཟིངས་གསར་པ་དེ་ནི། ཐེ་ཝན་སྲུང་སྐྱོབ་རང་དབང་ཅན་དུ་འགྱུར་བཞིན་པའི་ལམ་བུའི་ཐོག་ཏུ་ཡོད་པའི་བདེན་དཔང་ཡིན་ཚུལ་དང་། དཀའ་ཚེགས་ཇི་ཙམ་ཆེ་རུ་ཕྱིན་ནའང་ང་ཚོས་ཕྱོགས་གང་ས་ནས་རྣམ་པར་རྒྱལ་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་འདུག
ཐེ་ཝན་གྱི་མཚོ་དམག་གྲུ་གཟིངས་གསར་པ་(Ta Jiang)་ཞེས་འབོད་པ་ནི། གྲུ་གཟིངས་(Lung)་འཕྲུལ་རིག་མཉམ་སྦྲེལ་བཟོ་ཚོང་ཁང་ནས་བཟོས་པ་ཞིག་ཡིན་པ་དང་། དེ་ནི་ཐེ་ཝན་གྱི་བཟོ་ཚོང་ལས་ཁང་ཞིག་ཡིན་ཞིང་། གྲུ་གཟིངས་དེའི་ཁྱད་ཆོས་ནི་གནམ་དམག་འགན་སྲུང་ཀྱི་ནུས་པ་དང་དམག་གྲུའི་མེ་ཤུགས་འཕུར་མདེལ་གྱི་གཏོར་རྒོལ་འགོག་པའི་ནུས་པ་ལྡན་པ་དང་། དེ་ནི་ཐེ་ཝན་གྱིས་མཚོ་དམག་གྲུ་གཟིངས་དེ་འདྲ་དྲུག་བཟོ་བསྐྲུན་བྱ་རྒྱུའི་གྲས་ནས་ཐོག་མ་དེ་ཡིན་པ་དང་། ཐེ་ཝན་མཚོ་དམག་གིས་འགན་དབང་འཁུར་རྒྱུ་ཡིན་པ་རེད་འདུག
ཐེ་ཝན་སྲིད་འཛིན་གྱིས་ཐེ་ཝན་རྒྱལ་ནང་གི་སྲུང་སྐྱོབ་དང་འབྲེལ་བའི་འཕྲུལ་ལས་བཟོ་ཚོང་ལས་ཁང་རྣམས་ཧ་ཅང་གི་གལ་གནད་ཆེན་པོ་ཡིན་པ་དང་། ལྷག་དོན་ཐེ་ཝན་དམག་གི་གནམ་གྲུ་བཟོ་བསྐྲུན་བྱེད་མཁན་བཟོ་ཚོང་ལས་ཁང་གིས་གནམ་གྲུ་གསར་པ་བཟོ་བསྐྲུན་བྱ་དགོས་པ་ནན་བརྗོད་གནང་བ་མ་ཟད། ཐེ་ཝན་གྱི་ཚད་མཐོའི་འཕྲུལ་རིག་བཟོ་ཚོང་ལས་ཁང་ཚོས་ཐེ་ཝན་གྱི་དམག་དོན་སྔོན་ཐོན་ཅན་ཏུ་འགྱུར་ཐབས་འབད་བརྩོན་བྱ་དགོས་པའི་སྐོར་རེ་སྐུལ་གནང་ཡོད་པ་རེད།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།