ལྷོ་ཨེ་ཤེ་ཡའི་ནང་མ་བུར་ཟས་བཅུད་མི་འདེངས་བ་མང༌།
2009.11.15
༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཁང་གིས་སྙན་ཐོ་ཞིག་བཏོན་གནང་བའི་ནང་འཛམ་གླིང་ནང་དུ་ཕྲུ་གུར་བལྟོ་འཆག་ཐེབས་པ་འམ་ཟས་བཅུད་མི་འདེངས་བའི་ཕྲུ་གུ་མང་ཆེ་བ་ལོ་ལྔ་མན་ཡིན་པ་དང་འཛམ་གླིང་ནང་ནས་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་ནང་ཕྲུ་གུ་ཟས་བཅུད་མི་འདེངས་བ་ཁྱོན་ས་ཡ་༨༣ཡོད་པའི་སྐོར་གསུངས་ཡོད་པ་རེད།
སྙན་ཐོ་དེའི་ནང་གསུངས་པར་གཞིགས་ན་འཛམ་གླིང་ནང་དུ་ཕྲུ་གུ་ཟས་བཅུད་མི་འདེངས་བའི་རྒྱལ་ཁབ་ཁག་ཉི་ཤུ་རྩ་བཞི་ཡོད་པའི་ནང་ནས་སྡུག་ཤོས་ཀྱི་རྒྱལ་ཁབ་ཁག་ལྔ་ཡོད་པ་ནི་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ནང་ཡིན་པ་དང་དེ་ནི་ལོ་ལྔ་མན་གྱི་ཕྲུ་གུའི་གྲངས་འབོར་ནས་བརྒྱད་བཞི་བཅུ་ལྷག་ཟས་བཅུད་མི་འདེངས་བའི་དཀའ་ངལ་ཆེ་ཤོས་ཀྱི་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་ཨཕ་ག་ནི་སི་ཐན་དང་སྦང་ལ་རྡེཤ། རྒྱ་གར། བལ་ཡུལ། པ་ཀི་སི་ཐན་བཅས་ལྔ་པོ་ཡིན་པ་གསུངས་ཡོད་པ་རེད། ད་དུང་ཕྲུ་གུར་ཟས་བཅུད་མི་འདེངས་བའི་དཀའ་ངལ་དེ་ཡིས་ཕྲུ་གུའི་རིག་སྟོབས་ལ་ཤུགས་རྐྱེན་ཐེབས་ཏེ་ཕྲུ་གུ་ཚར་ལོངས་ཡོད་བའི་སྐབས་སྦྱང་སྟོབས་དང་བརྩོན་འགྲུས་ལས་ལ་འཇུག་མ་ཐུབ་པ་དང་རང་བཞིན་གྱི་འཚར་ལོངས་དང་སྐྱེས་སྟོབས་ཀྱི་ནུས་པར་འགོག་རྐྱེན་བཟོ་བ། ཐང་ཆད་པ། སྤྲོ་བ་མེད་པར་འགྱུར་གྱི་ཡོད་ཅིང་ལྷག་པར་དུ་ཟས་བཅུད་མི་འདེངས་བའི་ཕྲུ་གུ་དེ་དག་ནི་ནད་གཞི་ཛ་དྲག་པོ་འཇུ་བདེ་བ་དང་ཕྲུ་གུའི་སྐབས་ཀྱི་རྒྱུན་ལྡན་གྱི་ན་ཚ་བྲོད་ཁོག་བཤལ་བ་དང་བསེ་བི། གློ་ཚད། འདར་ཚད་སོགས་ཀྱིས་རྐྱེན་བྱས་ཏེ་འདས་གྲོངས་སུ་འགྲོ་བ་སོགས་སྤྱིར་བཏང་གིས་ཟས་བཅུད་འདེངས་ངེས་བྱུང་བའི་ཕྲུ་གུ་དང་ཟས་བཅུད་མི་འདེངས་བའི་ཕྲུ་གུ་རྐྱེན་འདས་སུ་འགྲོ་བའི་གྲངས་ཀའི་བར་ལ་ཧ་ཅང་གི་ཧེ་བག་ཆེན་པོ་གྱུར་ཏེ་ཟས་བཅུད་མི་འདེངས་བའི་ཕྲུ་གུ་ལྡབས་དགུས་མང་བ་འདས་གྲོངས་སུ་འགྲོ་གི་ཡོད་པའི་སྐོར་གསུངས་ཡོད་པ་རེད།