རང་ཉིད་ལ་ཡིད་ཆེས་དང་གདེང་སྤོབས་སླེབས་པར་རང་ཉིད་རྟག་ཏུ་དྲང་བདེན་ངང་གནས་དགོས། ༧གོང་ས་མཆོག་གིས།
2020.10.15
རང་གིས་རང་ལ་ཡིད་ཆེས་དང་གདེང་སྤོབས་སླེབས་པར་རང་ཉིད་རྟག་ཏུ་དྲང་བདེན་ངང་གནས་དགོས་གལ་ཆེ་ཞེས་༧གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་ཟུར་པ་ཨབ་དུལ་ཀཱ་ལམ་དམ་པའི་འཁྲུངས་སྐར་སྐབས་བཀའ་སྩལ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ། རྒྱ་གར་གྱི་སྲིད་འཛིན་ཟུར་པ་ཞིང་གཤེགས་དམ་པ་ཨེ་པི་ཇེ་ཨབ་དུལ་ཀ་ལམ་(APJ Abdul Kalam)མཆོག་གི་རྒྱལ་སྤྱིའི་ཐེབས་རྩ་ལས་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སྤྱི་ཟླ་ ༡༠ ཚེས་ ༡༥ ཉིན་སྲིད་འཛིན་ཟུར་པ་ཨབ་དུལ་ཀཱ་ལམ་མཆོག་འཁྲུངས་ནས་ལོ་ངོ་༨༩ འཁོར་བའི་དུས་དྲན་སྲུང་བརྩི་ཉིན་དང་བསྟུན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་མགྲོན་གཙོ་བོར་དབུ་བཞུགས་ཐོག་བཞུགས་སྒར་རྡ་རམ་ས་ལའི་རྒྱལ་བའི་ཕོ་བྲང་ནས་བརྙན་འཕྲིན་དྲ་ལམ་ཐད་གཏོང་བརྒྱུད། ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ནས་སློབ་ཕྲུག་དང་གོང་ཞུས་ཚོགས་པ་དེ་ཉིད་ཀྱི་ཚོགས་མི་རྣམས་ལ་ “འཛམ་གླིང་ཞི་བདེའི་ཆེད་འཕྱར་གྲུ་མཉམ་འདེགས་”ཞེས་པའི་བརྗོད་གཞི་ཐོག་བཀའ་སློབ་སྩལ་བའི་སྐབས། རང་གིས་རང་ལ་ཡིད་ཆེས་དང་གདེང་སྤོབས་སླེབས་པར་རང་ཉིད་རྟག་ཏུ་དྲང་བདེན་ངང་གནས་དགོས་གལ་ཆེ་ཞིང་། དེ་ལྟ་བུའི་ཕྱོགས་སུ་བསྐྱོད་པ་ཡིན་ན། རང་བཞིན་གྱིས་རང་ཉིད་ལ་བཅོས་མིན་གྱི་གདེང་སྤོབས་ཤིག་ཡོང་གི་རེད། སྐབས་རེར་རང་ཉིད་ལ་གདེང་སྤོབས་དང་མཉམ་དུ་ཉེན་ཚབ་ཅན་གྱི་སེམས་མྱོང་ཆེ་དྲག་ན། སྤོབས་པ་དེ་ཡང་ཉམས་དམས་སུ་འགྲོ་སྲིད་པ་རེད། སྤྱིར་འགྲོ་བ་མིའི་གཞི་རྩའི་རང་བཞིན་ལ་བཟང་པོའི་ཡོན་ཏན་མང་བ་ཡོད། དེར་བརྟེན། ང་ཚོའི་འགྲོ་བ་མིའི་བཟང་པོའི་ཡོན་ཏན་བཀོད་སྤྱོད་བྱེད་པའི་སྒོ་ནས། རང་གི་རང་ལ་གདེང་སྤོབས་དང་ཡིད་ཆེས་ཡོད་པའི་ཐོག་དྲང་བདེན་ཕྱོགས་སུ་སྐྱོད་དགོས་གལ་ཆེ་བ་སོགས་བཀའ་སྩལ་བ་དང་། ད་དུང་༧གོང་ས་་མཆོག་གིས། སྤྱི་ལོ་༡༩༥༦ལོར་སྟོན་པ་མྱང་འདས་ཀྱི་དུས་ཚིགས་དང་བསྟུན། ངོས་རྒྱ་གར་ལ་སླེབས་པའི་སྐབས་རྒྱ་གར་གྱི་སྲིད་འཛིན་ཐོག་མ་སྐུ་ཞབས་(Rajendra Prasad)མཆོག་དང་ཐུག་འཕྲད་བྱུང་ཞིང་། དེ་ནས་རིམ་པས་ངོས་རང་བཙན་བྱོལ་དུ་སླེབས་པའི་རྗེས། སྐུ་ཞབས་(Radhakrishnan)ལ་སོགས་པའི་རྒྱ་གར་གྱི་སྲིད་འཛིན་དང་། སྲིད་བློན་དུ་མ་ཞིག་དང་ཐུག་འཕྲད་བྱུང་། ལྷག་པར་དུ་ངོས་ཀྱིས་སྐུ་ཞབས་ཨབ་དུལ་ཀཱ་ལམ་མཆོག་ཐོག་མར་མཇལ་བའི་སྐབས། ཁོང་ནི་ཧ་ཅང་གི་སྤྱོད་བཟང་ལྡན་པའི་མི་སྣ་ཞིག་རེད་འདུག་ལ། སྐུ་ཞབས་ཨབ་དུལ་ཀཱ་ལམ་ནི་ཁྱིམ་ཚང་དཀྱུས་མ་ཞིག་ནས་ཚར་ལོངས་བྱུང་བའི་མི་མང་དཀྱུས་མ་ཞིག་ཡིན་པ་དང་། ལྷག་པར་དུ་ཁོང་ནི་ཚན་རིག་ལ་དམིགས་བསལ་གྱི་དོ་སྣང་ཡོད་པའི་མི་སྣ་ཞིག་ཀྱང་ཡིན་ཞེས་བཀའ་གནང་སོང་།
སྐབས་དེར་དབྱིན་ཡུལ་རྒྱལ་ཁབ་ནས་སློབ་ཕྲུག་ཅིག་གིས། ༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ང་ཚོའི་འཛམ་གླིང་འདིའི་ནང་ས་ཕྱོགས་གང་སར་གནོད་འཚེ་མང་པོ་ཞིག་འབྱུང་བཞིན་ཡོད་པའི་དུས་སྐབས་འདིར། ང་ཚོའི་སེམས་ཞི་བདེ་གནས་ཐབས་ལ་ཇི་ལྟར་འབད་དགོས་པའི་སྐོར་བཀའ་འདྲི་ཞུས་བར། ༧གོང་ས་མཆོག་གིས། ང་ཚོའི་འཛམ་གླིང་འདིའི་ནང་དྲག་སྤྱོད་དང་དཀའ་ངལ་མང་ཆེ་བ་ཞིག་ནི་འགྲོ་བ་མི་རང་ཉིད་ཀྱིས་བཟོས་ཡོད། དེར་བརྟེན། རིག་པའི་རྗེས་སུ་འབྲང་པའི་ཐོག་ནས་བཤད་ན། མི་སྒེར་སོ་སོས་ངེས་པར་དུ་རང་ཉིད་ཀྱི་མི་ཚེ་དེ་ཞི་བདེ་ལྡན་པ་ཞིག་ཡོང་བར་འབད་དགོས་པ་དང་། ཞི་བདེ་ལྡན་པའི་མི་ཚེ་ཞིག་ཡོང་བར་སེམས་ཞི་བདེ་གནས་དགོས་གལ་ཆེ་ཞིང་། དེ་བཞིན་སེམས་ཁམས་རིག་པ་དང་འབྲེལ་བའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་ནང་དུ་ཡང་། ཁོང་ཁྲོ་དང་འཇིགས་སྣང་སོགས་རྒྱུན་ཆད་མེད་པར་འཕེལ་བ་ཡིན་ན། དེས་རང་བཞིན་གྱིས་སེམས་ཞི་བདེ་གནས་པར་འགོག་རྐྱེན་ཡོང་གི་ཡོད་པ་མ་ཟད། ཞི་བདེ་རང་བཞིན་ལྡན་པའི་མི་ཚེ་ཞིག་སྐྱེལ་བར་དོ་ཕོག་ཆེན་པོ་ཡོང་གི་ཡོད་པ་གསལ་ཡོད། དེར་བརྟེན། ཇི་ཙམ་གྱིས་བྱམས་བརྩེ་གོང་འཕེལ་ཡོང་བར་ཡིན་ན། དེས་རང་བཞིན་གྱི་སེམས་ཞི་བར་ཕན་ཐོགས་ཡོད་ལ། འཇིགས་སྣང་དང་དངངས་སྐྲག་གི་བློ་དེ་ཡང་ཉུང་དུ་འགྲོ་ངེས་ཡིན་ཞེས་བཀའ་གནང་སོང་། ཐེངས་འདིའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དེ་བཞིན་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་སྐད་དང་། དབྱིན་སྐད། རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་གནང་ཡོད།
གཞན་ཡང་བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོའི་ཚེས་༡༥་ཉིན་མཛད་འཕྲིན་གཞན་ཞིག་ནི། སོག་ཡུལ་དགའ་ལྡན་ཐེག་ཆེན་གླིང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། བཞུགས་སྒར་ཕོ་བྲང་ནས་དྲ་ལམ་བརྒྱུད་མཁན་བླ་འདུས་མང་ཡོངས་ལ་བཀའ་སློབ་སྩལ་བའི་ནང་། བོད་དང་སོག་པོ་གཉིས་ལོ་རྒྱུས་ཀྱི་ཐོག་ནས་མཐོུང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་ཡིན་པ་དང་། སོག་ཡུལ་ནས་ནང་པའི་མཁས་པ་དུ་མ་བྱུང་ཡོད་པ་མ་ཟད། སངས་རྒྱས་ཀྱི་བསྟན་པའི་ཐོག་དྲག་གནོན་སོགས་དཀའ་ངལ་མང་པོ་འཕྲད་ཡོད་ཀྱང་མེད་པར་བཟོ་ཐུབ་མེད་པ་དང་། བོད་དང་སོག་པོ་གཉིས་ལ་དཀའ་ངལ་ཇི་ཙམ་འཕྲད་ཀྱང་སངས་རྒྱས་ཀྱི་བསྟན་པ་བློས་མ་བཏང་བར་སྲུང་སྐྱོབ་བྱས་ཡོད་ཅེས་དང་། རྒྱ་གར་ནང་གི་དགོན་སྡེ་གྲྭ་ཚང་ཁག་གི་ནང་སོག་པོའི་གྲྭ་རྒྱུན་མི་ཉུང་བ་ཞིག་ཡོད་པ་ཚོས་ནང་ཆོས་ལ་སློབ་གཉེར་ཡག་ཐག་ཆོད་གནང་འདུག་ལ། ད་དུང་ཡིན་ཡང་མུ་མཐུད་ནས་སློབ་གཉེར་ལ་ཤུགས་རྒྱབ་ནས་སོ་སོའི་ལུང་པའི་སངས་རྒྱས་ཀྱི་བསྟན་པའི་འཛིན་སྐྱོང་སྤེལ་གསུམ་ཐོག་ཞབས་འདེགས་བསྒྲུབ་དགོས་གལ་ཆེ་ལ། དེ་ཡང་ཁ་འདོན་དང་། འཆམ། རྔ་སྦུག་རྡུང་བ་ཙམ་མིན་པར་གཙོ་བོ་སློབ་གཉེར་གལ་ཆེ་བ་བཀའ་སྩལ་གནང་འདུག
རིང་མིན་སྤྱི་ལོ་༢༠༢༠ལོའི་སྤྱི་ཟླ་༡༡ཚེས་༥ནས་༧བར། ཉིན་གྲངས་གསུམ་གྱི་རིང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་བ་བཏབ་པ་ལྟར། སློབ་དཔོན་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་ཆོས་འབྲེལ་སྩལ་རྒྱུ་ཡིན་འདུག