འབྱུང་འགྱུར་ལོ་གསུམ་བཞིའི་ནང་བོད་རྒྱ་འབྲེལ་མོལ་མ་བྱུང་ན་དེའི་རྗེས་ནས་ཁག་པོ་རེད།
2018.04.13
སྲིད་སྐྱོང་མཆོག་གིས་ལོ་གསུམ་བཞིའི་ནང་བོད་རྒྱ་འབྲེལ་མོལ་མ་བྱུང་ན་དེའི་རྗེས་ནས་ཁག་པོ་རེད་བསམ་གྱི་འདུག་ཞེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་སོང་།
མ་འོངས་པའི་ལོ་གསུམ་བཞིའི་ནང་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་པ་དང་། ཡང་ན་༧གོང་ས་མཆོག་བོད་ལ་ཕེབས་ཐུབ་ཡིན་ན་བཟང་ཕྱོགས་རེད་ལ། དེ་ལྟར་མ་འབྱུང་ཚེ་དེའི་རྗེས་སུ་བོད་རྒྱ་འབྲེལ་མོལ་ཡོང་རྒྱུ་ཁག་པོ་རེད་བསམ་གྱིན་འདུག་ཞེས་སྲིད་སྐྱོང་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་བརྙན་འཕྲིན་ལས་རིམ་གྱི་བཅར་འདྲིའི་སྐབས་གསུངས་ཡོད་པ་རེད།
ཕྱི་ཟླ་ ༤ ཚེས ༡༢ ཉིན་འདི་ག་རླུང་འཕྲིན་ཁང་གིས་སྲིད་སྐྱོང་མཆོག་ལ་ཉེ་ཆར་བོད་རྒྱ་འབྲེལ་མོལ་ཐད་མ་འོངས་པའི་ལོ་ཁ་ཤས་ནང་བཟང་ཐག་ངན་ཐག་གང་ཡིན་ཆོད་ངེས་ཡིན་པ་གསུངས་ཡོད་པ་དེའི་སྐོར་བཀའ་འདྲི་ཞུས་པར། སྲིད་སྐྱོང་མཆོག་གིས། མ་འོངས་པའི་ལོ་གསུམ་བཞིའི་ནང་ཡོང་རྒྱུ་ཏན་ཏན་རང་རེད། གཅིག་བྱས་ན་གོ་སྐབས་ཤིག་ཡིན་ལ་ཡང་གཅིག་བྱས་ན་ཉེན་ཁ་ཞིག་ཀྱང་ཡིན། རྒྱ་ནག་གི་ཆབ་སྲིད་དབང་ཆ་དེ་ད་ལྟ་སྲིད་འཛིན་ཞི་ཇིན་པིང་གང་ཟག་གཅིག་ལ་ཐུག་ཡོད། དེ་སྔ་ཡིན་ན་ཕྱོགས་གཅིག་གིས་བོད་རྒྱ་འབྲེལ་མོལ་བྱེད་དགོས་པར་མོས་མཐུན་དང་ཡང་ཕྱོགས་གཅིག་གིས་དེ་ལ་དགག་པ་རྒྱག་གིན་ཡོད། ད་ནས་བཟུང་ནས་༢༠༢༡ལོའི་ཚུན་ཆད་དུ་དབུ་མའི་ལམ་གཞིར་བཞག་གིས་མིང་དོན་མཚུངས་པའི་རང་སྐྱོང་ཞིག་རེག་རྒྱུ་དང་། དེ་མིན་ན༧གོང་ས་མཆོག་བོད་དུ་ཕེབས་ཐུབ་རྒྱུ། དེ་འདྲ་ཞིག་བྱུང་ན་དེ་བཟང་ཐག་དེ་རེད་བསམ་གྱི་ཡོད་། གལ་ཏེ་ད་འདྲ་ཞིག་མ་བྱུང་ན། དེ་ཡི་རྗེས་སུ་ཁག་པོ་ཡོད་རྒྱུ་རེད་བསམ་གྱི་འདུག་ཅེས་དང་། ད་དུང་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་མུ་འཐུད། ༢༠༢༡དང་ ༢༠༢༢རྗེས་སུ་རྒྱ་ནག་ནང་ཆབ་སྲིད་ཐད་ཧ་ཅང་གི་འཁྲུག་ཆ་དོད་པོ་ཞིག་ཆགས་སྲིད་ཅིང་། དཔེར་ན་ཞི་ཇིན་པིང་གི་ལས་འཁུར་ཡུན་ཚད་རིང་དུ་འགྲོ་རྒྱུ་དང་། དེ་བཞིན་རྒྱ་ནག་གི་དཔལ་འབྱོར་གྱི་གནས་སྟངས་གང་འདྲ་ཞིག་ཆགས་སྲིད་མིན་སོགས་ཡིན་ཞིང་། དེ་ཙམ་མ་ཟད་ཁྱིམ་མཚེས་རྒྱལ་ཁབ་བར་དམག་འཁྲུག་འབྱུང་སྲིད་པ་སོགས་གང་ཅིའི་ཐད་ནས་འཁྲུག་ཆ་དོད་པོ་ཞིག་མཐོང་གིན་འདུག དེ་དུས ༧གོང་ས་མཆོག་དགུང་ལོ ༨༦། ༨༧ལ་ཕེབས་རྒྱུ་ཡིན་དུས། གང་ལྟར་ཡང་མ་འོངས་པའི་ལོ་གསུམ་བཞིའི་ནང་ལ་ང་ཚོས་རེ་བ་བཟང་ས་ནས་བརྒྱབ་ནས་བོད་རྒྱ་འབྲེལ་མོལ་བྱུང་བ་དང་། མིང་དོན་མཚུངས་པའི་རང་སྐྱོང་རེག་རྒྱུ། ཡང་ན༧གོང་ས་མཆོག་བོད་དུ་ཕེབས་ཐུབ་རྒྱུ་སོགས་ནི་བཟང་ཐག་གི་རེ་བ་དེ་ཡིན་ཞེས་གསུངས་ཡོད་པ་རེད།
གསར་འགོད་པ་སྟག་ལྷ་རྒྱལ།