ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་སྡེ་དགེའི་མང་ཚོགས་ལ་ཐུགས་སྨོན་གསུང་འཕྲིན་བསྩལ་འདུག

2024.03.05
ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་སྡེ་དགེའི་མང་ཚོགས་ལ་ཐུགས་སྨོན་གསུང་འཕྲིན་བསྩལ་འདུག ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་ཐུགས་སྨོན་གསུང་འཕྲིན།
སྒྲིག་བཟོ། /RFA /Sakya Dolma Phodrang

དེ་ཡང་འདི་ཚེས་༣ཉིན་སྩལ་བའི་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གི་གསུང་འཕྲིན་ནང་། ཁམས་སྡེ་དགེ་ཁུལ་གྱི་བླ་མ་དགེ་འདུན་རྣམ་པ་དང་དད་ལྡན་མང་ཚོགས་ཡོངས་ལ། ཉེ་ལམ་སྤྱི་ཚོགས་དྲྭ་རྒྱ་དང་གསར་འགྱུར་རྒྱུད་ལམ་ཁག་ལ་གནས་ཚུལ་ཐོན་པ་ལྟར། སྡེ་དགེ་དབོན་སྟོད་ཁུལ་གྱི་དགོན་སྡེ་ཁག་དང་དད་ལྡན་ཆོས་བརྒྱུད་མི་མང་མང་ཚོགས་མང་པོ་ཞིག་ཆུ་མཛོད་གསར་རྒྱག་གིས་རྐྱེན་པས་ས་གནས་གཞན་དུ་གནས་སྤོ་བྱ་དགོས་པའི་གནས་བབ་གསན་ཐོས་བྱུང་ཡོད་ཅིང། ནམ་རྒྱུན་ནས་ཡང་ཡང་གསུང་དང་གསུང་མུས་བཞིན། གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གི་སྐུ་གཟུགས་མིའི་ལུང་པར་ཇི་ཙམ་གནས་པ་ཡིན་ན་ཡང་། ཁོང་གི་ཐུགས་སེམས་བོད་ནང་གི་བོད་མི་རྣམས་དང་དུས་ཚོད་སྐད་ཅིག་ཙམ་ཡང་འབྲལ་ཐབས་མེད་པར། དུས་དང་རྣམ་པ་ཀུན་ཏུ་སྨོན་ལམ་སྐྱོན་བཞིན་ཡོད་པ་གསུངས་འདུག་ལ། ཡང་གསུང་འཕྲིན་ནང་། ད་ལམ་གྱི་གནད་དོན་འདིའི་ཐོག་ལ་བསམ་དོན་ཐམས་ཅད་ཞི་མཐུན་བདེ་ལེགས་ཀྱི་ངང་ནས་འགྲུབ་ཐུབ་པའི་ཕྱིར། མཆོག་གསུམ་བསླུ་བ་མེད་པར་གསོལ་འདེབས་དང་དམ་ཅན་ཆོས་སྐྱོང་སྲུང་མར་འཕྲིན་བསྐུལ་རྒྱུན་བསྲིངས་བྱས་དང་བྱེད་ཡིན་ཞེས་བཀོད་གནང་འདུག
ཁམས་སྡེ་དགེ་རྫོང་ཁོངས་ཀྱི་འབྲི་ཆུའི་རྒྱུད་དུ་རྒྱ་ནག་གཞུང་གིས་སྐམ་ཐོག་ཆུ་མཛོད་གློག་ཁང་གསར་རྒྱག་ཆེད་དེ་ཁུལ་གྱི་གྲོང་ཚོ་དང་དགོན་སྡེ་ཁག་ཅིག་གནས་སྤོར་བྱེད་དགོས་བའི་བཙན་བཀའ་བཏང་ཡོད་པ་དང་། ས་གནས་ཡུལ་མི་གནས་སྤོར་བྱེད་འདོད་མེད་པ་དང་ལས་གཞི་དེ་མཚམས་འཇོག་ཡོང་སླད་ཞུ་འབོད་དང་ཞི་བའི་ངོ་རྒོལ་བྱས་རྗེས། རྒྱ་ནག་གི་ཉེན་རྟོག་པས་བོད་མི་ཆིག་སྟོང་ལྷག་འཛིན་བཟུང་བཀག་ཉར་བྱས་བའི་གནས་ཚུལ་བྱུང་ཡོད།
དེའི་རྗེས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་གི་བྱེད་སྟངས་ལ་སྐྱོན་བརྗོད་གནང་ཡོད་པ་དང་། དེ་བཞིན་ཨ་རི་དང་ཁེ་ཎ་ཌའི་ཕྱི་སྲིད་ལས་ཁུངས། བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་དང་བསྒྲགས་གཏམ་སྤེལ་བ་དང་འབྲེལ། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཨ་རི་དང་ཡོ་རོབ་སོགས་ནུབ་ཕྱོགས་ཡུལ་གྲུ་ཁག་ནང་གི་རྒྱ་ནག་གཞུང་ཚབ་མདུན་གཙོས་ས་གནས་གང་སར་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་པ་དང་། རྒྱ་གར་རྡ་རམ་ས་ལ་དང་། ལ་དྭགས། རྒྱ་གར་ལྷོ་ཕྱོགས་སོགས་ས་གནས་མང་པོར་བོད་མི་ཚོགས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།


གསར་འགོད་པ། རྡོ་རྗེ་མཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎