ལ་དྭགས་ཡུལ་དུ་སྡེ་དགེའི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེས་ཀྱི་ལས་འགུལ་སྤེལ་འདུག
ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ལ་དྭགས་གླེ་སྨན་རྩིས་ཁང་ནས་གླེ་སྤོ་ལོ་ཐང་བར་དུ་གནང་ཡོད་པ་དང་། ལས་འགུལ་ནང་མཉམ་ཞུགས་གནང་མཁན་རྒྱལ་མཚན་ཚེ་སྒྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། སྡེ་དགེ་ཁུལ་གྱི་གནས་སྟངས་ཁག་པོ་རེད་འདུག ང་ཚོ་བོད་ནང་གི་བོད་མི་ཚོ་ལ་གདུང་སེམས་མཉམ་སྐྱེས་ཡོད། ང་ཚོའི་བོད་རང་བཙན་ཐོབ་རག་བར་དུ་རྡོག་རྩ་ཆིག་སྒྲིལ་བྱེད་རྒྱུ་ཡིན་ཞེས་གསུངས་བྱུང་།
ཡང་བསྟན་འཛིན་དཔལ་ལྡན་ལགས་ཀྱིས་བོད་ནང་གི་བོད་མི་ཚོར་དཀའ་ངལ་འཕྲད་སྐབས་བོད་མི་རྣམས་ནས་སེམས་ཤུགས་མ་ཆག་པར་མི་རེ་ངོ་རེ་ནས་འགན་འཁྱེར་དགོས་གལ་ཆེ་བ་གསུངས་བྱུང་།
ཞི་བའི་གོམ་བགྲོད་ལས་འགུལ་གྱི་མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོ་ལ་དྭགས་ནང་ཚོགས་ཀྱི་དབུ་སྐྱོང་ལས་ཚབ་ཡིན་པ་ནང་ཚོགས་གཞོན་ནུ་ཚོགས་པའི་ཚོགས་གཙོ་རིག་འཛིན་རྡོ་རྗེ་ལགས་ཀྱིས་གསུངས་བཤད་གནང་སྐབས། བོད་ནང་རྒྱ་ནག་གཞུང་གིས་དགོན་པ་མང་པོ་གཏོར་བཤིག་གཏོང་བཞིན་པའི་གནས་སྟངས་ནི་བོད་མི་གཅིག་པོ་མིན་པར་རྒྱལ་སྤྱིའི་ནང་པ་ཀུན་གྱིས་སེམས་ཚབས་བྱེད་དགོས་པའི་གནས་ཚུལ་ཞིག་ཡིན་པ་གསུངས་སོང་།
ཡང་ལ་དྭགས་གླེ་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྤྱི་འཐུས་ཟུར་པ་བློ་བཟང་སྙན་གྲགས་ལགས་ཀྱི་གསུངས་བཤད་གནང་སྐབས། ནང་པའི་དགོན་སྡེ་ཁག་ལ་མི་འོས་པ་བྱེད་པའི་གནས་ཚུལ་ཡོད་ན། དེར་ངོ་རྒོལ་གདོང་ལེན་ཆེད་ང་ཚོ་མི་ཐོན་ན་སུ་ཐོན། ༧གོང་ས་མཆོག་དང་བོད་མི་རྣམས་ལ་དྭགས་ལ་བཀའ་དྲིན་ཆེན་པོ་ཡིན། དེ་བས་ལ་དྭགས་མི་མང་གིས་བོད་མིའི་འཐབ་རྩོད་ལ་གདུང་སེམས་མཉམ་སྐྱེས་དང་རྒྱབ་སྐྱོར་བྱས་དང་བྱེད་བཞིན་པ་རེད་ལ། མུ་མཐུད་དུ་བྱེད་ངེས་རེད། ཆུ་མཛོད་གློག་ཁང་གསར་རྒྱག་གི་ལས་གཞིའི་ཆེད་ས་གནས་བོད་མིའི་གྲོང་ཚོ་དང་དགོན་སྡེ་ཁག་གཏོར་འཆར་བྱེད་བཞིན་པ་ནི་བོད་མི་ཙམ་མིན་པར་འཛམ་གླིང་གི་ནང་པ་ཀུན་ལ་མགོ་སྐོར་གཏོང་བཞིན་པ་རེད། ཅེས་གསུངས་ཡོད་པ་རེད།
ཞི་བའི་གོམ་བགྲོད་གོ་སྒྲིག་གནང་མཁན་ལ་དྭགས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བློ་བཟང་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་རེས་ལས་འགུལ་སྐབས་བོད་མི་ཙམ་མ་ཟད། ལ་དྭགས་ཀྱི་ཡུལ་མི་མང་པོ་མཉམ་ཞུགས་ཀྱིས་རྒྱབ་སྐྱོར་གནང་ཡོད་པ་གསུངས་བྱུང་།
མཛད་སྒོར་ལ་དྭགས་ནང་པའི་ཚོགས་འདུའི་འཐུས་མི་གཙོས་ལ་དྭགས་བསོད་ནམས་གླིང་བོད་མི་གཞིས་ཆགས་ཀྱི་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་བཅས་གནས་ཡོད་མི་སྣ་ཁག་ཅིག་མཉམ་ཞུགས་གནང་འདུག
གོང་བརྗོད་སྡེ་དགེ་ཕྱོགས་ཀྱི་གནས་ཚུལ་ཐད་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་གནང་འདུག་ལ། དེ་བཞིན་ཨ་རི་དང་ཁེ་ཎ་ཌའི་ཕྱི་སྲིད་ལས་ཁུངས། བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་དང་འབྲེལ། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཨ་རི་དང་ཡོ་རོབ་སོགས་ནུབ་ཕྱོགས་ཡུལ་གྲུ་ཁག་ནང་གི་རྒྱ་ནག་གཞུང་ཚབ་མདུན་གཙོས་ས་གནས་གང་སར་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་དང་སྤེལ་མུས་རེད་འདུག

* སྡེ་དགེ་དང་འབྲེལ་བའི་དེའི་སྔོན་གྱི་གནས་ཚུལ་ཁག ཟླ་གཉིས་བའི་ཚེས་༡༤ ཚེས་༢༠ ཚེས་༢༢ ཚེས་༢༤ ཚེས་༢༥ ཚེས་༢༦
གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།