སྡེ་དགེ་རྫོང་ཁོངས་འབྲི་ཆུའི་རྒྱུད་ཀྱི་བོད་མི་མང་པོ་འཛིན་བཟུང་བྱས་བར་ཁེ་ཎ་ཌ་སོགས་ས་གནས་མང་པོར་བོད་མི་ཚོས་རྒྱ་ནག་ལ་ངོ་རྒོལ་གནང་འདུག

སྡེ་དགེ་རྫོང་ཁོངས་འབྲི་ཆུའི་རྒྱུད་ཀྱི་བོད་མི་མང་པོ་འཛིན་བཟུང་བྱས་བར་ཁེ་ཎ་ཌ་སོགས་ས་གནས་མང་པོར་བོད་མི་ཚོས་རྒྱ་ནག་ལ་ངོ་རྒོལ་གནང་འདུག
སྡེ་དགེ་རྫོང་ཁོངས་འབྲི་ཆུའི་རྒྱུད་ཀྱི་བོད་མི་མང་པོ་འཛིན་བཟུང་དང་གནས་སྤོར་དགོས་བའི་བཙན་བཀའ་གཏོང་བཞིན་པར་ཁེ་ཎ་ཌ་སོགས་ས་གནས་མང་པོར་བོད་མི་ཚོས་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་ངོ་རྒོལ་གནང་འདུག
དེ་ཡང་འདི་ཚེས་༢༥ཉིན་ཁེ་ཎ་ཌའི་(St. George)་རུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་གི་གཞུང་ཚབ་ལས་ཁུངས་མདུན་དུ། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞིས་མཉམ་དུ་གོ་སྒྲིག་འོག་ས་གནས་བོད་མི་དང་རྒྱ་རིགས་རྒྱབ་སྐྱོར་བ་ཁག་ཅིག་བཅས་ཁྱོན་མི་གྲངས་༨༠་ལྷག་ཙམ་གྱིས། སྡེ་དགེ་ཁུལ་གྱི་ས་གནས་མི་མང་རྣམས་ལ་གདུང་སེམས་མཉམ་སྐྱེས་དང་མཉམ། ཁམས་སྡེ་དགེ་རྫོང་ཁོངས་ཀྱི་འབྲི་ཆུའི་རྒྱུད་དུ་རྒྱ་ནག་གིས་ཆུ་མཛོད་གློག་འདོན་ས་ཚིགས་གསར་རྒྱག་དང་མི་མང་གནས་སྤོར་གྱི་བཙན་བཀའ་གཏོང་བཞིན་པ་ལ་བོད་མི་ཚོས་ངོ་རྒོལ་བྱས་རྗེས་བོད་མི་ཆིག་སྟོང་ལྷག་འཛིན་བཟུང་བྱས་པར་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་དང་། སྐབས་དེར་ཁོང་རྣམ་པས་ངོ་ཚ་རྒྱུ་མེད་པའི་རྒྱ་ནག་གཞུང་། བོད་ནང་གསར་འགོད་རང་དབང་དགོས། བོད་མི་གནས་སྤོར་དགོས་བའི་བཙན་བཀའ་གཏོང་བཞིན་པ་མཚམས་འཇོག་དགོས། སྡེ་དགེ་རྫོང་ཁོངས་འབྲི་ཆུའི་རྒྱུད་ཀྱི་གྲོང་སྡེ་དང་དགོན་པ་གཏོར་བཤིག་གཏོང་མཚམས་འཇོག་དགོས། བོད་ལ་རང་དབང་དགོས་པ་སོགས་འབོད་ཚིག་འདྲ་མིན་གྱི་ལམ་ནས་ངོ་རྒོལ་སྐད་འབོད་གནང་སོང་།
ལས་འགུལ་དེའི་སྐབས་རྒྱ་རིགས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཁག་ཅིག་ཕེབས་འདུག་ལ། རྒྱ་ནག་སྐམ་ས་ཆེན་མོ་ནས་ཡིན་པ་(Ci fu)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། སྡེ་དགེ་རྫོང་ཁོངས་འབྲི་ཆུའི་རྒྱུད་ཀྱི་ས་གནས་བོད་མི་ཚོ་རྒྱ་ནག་གཞུང་གིས་བཙན་ཤེད་ཀྱིས་གནས་སྤོར་བྱེད་དགོས་པའི་བཙན་བཀའ་གཏོང་བཞིན་པའི་གནས་སྟངས་དང་། ཆུ་མཛོད་གློག་ཁང་གསར་རྒྱག་ཆེད་ཁུལ་དེའི་གྲོང་སྡེ་དང་དགོན་པ་གཏོར་བཤིག་གཏོང་རྒྱུའི་སྲིད་བྱུས། དེ་བཞིན་བོད་མི་དང་ཤར་ཏུར་ཀིསུ་ཐན། ཧོང་ཀོང་། རྒྱ་རིགས་མི་མང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པ་བཅས་ལ་གོ་རྟོགས་ཡོད་པ་དང་། རྒྱ་རིགས་གཞོན་སྐྱེས་ཚོར་ཆ་མཚོན་ན་ཡང་རྒྱ་ནག་གཞུང་གི་སྲིད་དབང་སྒེར་སྤྱོད་ཀྱི་སྲིད་གཞུང་ལ་གདོང་ལེན་བྱེད་མཁན་མང་དུ་འགྲོ་བ་བཞིན་ཡོད་པས། དེ་ནི་རྒྱ་རིགས་གཞོན་སྐྱེས་ཚོས་དངོས་ཡོད་ལོ་རྒྱུས་ཤེས་པའི་ཐོག་ནས་རྒྱ་ནག་གཞུང་གི་བྱེད་སྟངས་བྱ་སྤྱོད་ལ་གདོང་ལེན་བྱེད་རྒྱུའི་ལས་འགན་ཆེན་པོ་ཡོད་པ་ཤེས་ནས་གཉིད་ལས་སད་བཞིན་པ་ཡིན་པ་བརྗོད་བྱུང་།
ཁེ་ཎ་ཌའི་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་པ་སངས་ལྷ་མོ་ལགས་ཀྱིས། ལས་འགུལ་འདི་བརྒྱུད་བོད་ནང་གི་བོད་མི་ཚོའི་འགྲོ་སྡོད་སྤྱོད་གསུམ་ལ་རང་དབང་མེད་པའི་གནས་སྟངས་ཁག་ས་གནས་མི་མང་དང་ས་གནས་གཞུང་། རྒྱལ་སྤྱིའི་གཞུང་བཅས་ལ་གོ་རྟོགས་སྤེལ་བ་དང་། དང་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་རྒྱུ་དང་། རྒྱ་གཞུང་ལ་གནོན་ཤུགས་སྤྲོད་པའི་འབོད་སྐུལ་གནང་བཞིན་ཡོད། ཆུ་མཛོད་གློག་ཁང་གསར་རྒྱག་གི་ལས་གཞིའི་འོག་བོད་མིའི་སྡོད་ཁང་དང་དགོན་སྡེ་གཏོར་བཤིག། མི་མང་གནས་སྤོར་དགོས་པའི་བཙན་བཀའ་ལ་ངོ་རྒོལ་ཡོད་པས་དེ་ངེས་པར་མཚམས་འཇོགས་དགོས་པ་གསུངས་བྱུང་།
དེ་བཞིན་ཚོགས་པ་ཁག་གི་སྐུ་ཚབ་ནས་ཀྱང་གཅིག་མཚུངས་རྒྱ་ནག་གཞུང་གིས་ཆུ་མཛོད་གློག་ཁང་གསར་རྒྱག་གི་ལས་གཞིའི་འོག་བོད་མིའི་སྡོད་ཁང་དང་དགོན་སྡེ་གཏོར་བཤིག། མི་མང་གནས་སྤོར་དགོས་པའི་བཙན་བཀའ་གཏོང་བཞིན་པའི་གནས་སྟངས་དང་དེའི་མ་འོངས་བའི་མཇུག་འབྲས་ནི་ས་གནས་བོད་མིའི་འཚོ་གནས་དང་རིགགཞུང་བཅས་ལ་དོ་ཕོག་ཚབས་ཆེན་འགྲོ་ཉེན་ཡོད་པའི་གནད་སྟངས་ཁག་ངོ་སྤྲོད་གཏམ་བཤད་གནང་སོང་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འབྱོར་བའི་གནས་ཚུལ་ལྟར་ན། ཁམས་སྡེ་དགེ་རྫོང་ཁོངས་ཀྱི་འབྲི་ཆུའི་རྒྱུད་དུ་རྒྱ་ནག་གིས་ཆུ་མཛོད་གློག་འདོན་ས་ཚིགས་གསར་རྒྱག་དང་མི་མང་གནས་སྤོར་གྱི་བཙན་བཀའ་གཏོང་བཞིན་པ་ལ་བོད་མི་ཚོས་ངོ་རྒོལ་བྱས་རྗེས་ཚེས་༢༢ཉིན་ཁམས་སྡེ་དགེ་རྫོང་ཁོངས་འབྲི་ཆུའི་རྒྱུད་ཀྱི་དབོན་པོ་སྟོད་ཁུལ་དུ་རྒྱ་ནག་གི་དྲག་ཆས་ཉེན་རྟོག་དམག་མིས་དགོན་པའི་དགེ་འདུན་པ་དང་དབོན་སྟོད་གྲོང་ཚོའི་ཡུལ་མི་བསྡོམས་ཆིག་སྟོང་ལྷག་འཛིན་བཟུང་བྱས་ཡོད་པ་རེད།
ད་རེས་ཀྱི་ལས་འགུལ་འདི་ནི་ཁེ་ཎ་ཌའི་ཀྲོ་རོན་ཀྲོ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་རིགས་སྤྱི་མཐུན་ཚོགས་པ། ཨོན་ཏྲེ་རི་ཡོ་ས་གནས་བུད་མེད་ལྷན་ཚོགས། ཁེ་ཎ་ཌ་མདོ་ཁམས་ཆུ་བཞི་སྒང་དྲུག་བཅས་ཀྱིས་མཉམ་རུབ་ཀྱིས་གོ་སྒྲིག་གནང་བ་ཡིན་པ་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་སན་ནེ་བསོད་ནམས་ལགས་ཀྱིས་ངོ་སྤྲོད་གནང་བྱུང་།

དེ་བཞིན་བྷེལ་ཇིཡམ་དུ་ཡང་འདི་ཚེས་༢༥ཉིན་བོད་མི་དང་བོད་དོན་རྒྱབ་སྐྱོར་མང་པོ་མཉམ་དུ་འཛོམས་ནས་སྡེ་དགེ་རྫོང་ཁོངས་འབྲི་ཆུའི་རྒྱུད་ཀྱི་བོད་མི་མང་པོ་འཛིན་བཟུང་དང་གནས་སྤོར་དགོས་བའི་བཙན་བཀའ་གཏོང་བཞིན་པར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དང་། རྒྱ་ནག་གཞུང་གིས་ཉེས་མེད་འཛིན་བཟུང་བྱས་པའི་བོད་མི་ཆིག་སྟོང་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་པ་མ་ཟད། སྐམ་ཐོག་ཆུ་ཤུགས་གློག་འདོན་ཁང་གསར་རྒྱག་གི་ལས་གཞི་མཚམས་འཇོགས་དགོས་བའི་དགོས་འདུན་བཏོན་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག་ལ། སྐབས་དེར་བྷེལ་ཇིཡམ་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་མཇུག་སྒྲིལ་བ་དང་མཉམ་སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་སོགས་ཚོགས་ཞུགས་པ་མང་པོ་ལས་འགུལ་ལ་མཉམ་ཞུགས་གནང་འདུག

དེ་བཞིན་ཚེས་༢༤ཉིན་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པས་གོ་སྒྲིག་ཞུས་ཏེ། ནིའུ་ཡོག་ཏུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་མི་ཚོས་རྒྱ་ནག་གཞུང་ལ་ཁམས་སྡེ་དགེའི་ནང་ཆུ་མཛོད་གློག་འདོན་ས་ཚིགས་གསར་རྒྱག་མཚམས་འཇོག་བྱེད་དགོས་བའི་ངོ་རྒོལ་སྐད་འབོད་གནང་ཡོད་པ་རེད།
སྡེ་དགེ་རྫོང་ཁོངས་འབྲི་ཆུའི་རྒྱུད་ཀྱི་བོད་མི་མང་པོ་འཛིན་བཟུང་དང་གནས་སྤོར་དགོས་བའི་བཙན་བཀའ་གཏོང་བཞིན་པར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དང་། རྒྱ་ནག་གཞུང་གིས་ཉེས་མེད་འཛིན་བཟུང་བྱས་པའི་བོད་མི་དེ་དག་འཕྲལ་དུ་གློད་གྲོལ་གཏོང་དགོས་པ་མ་ཟད། སྐམ་ཐོག་ཆུ་ཤུགས་གློག་འདོན་ཁང་གསར་རྒྱག་གི་ལས་གཞི་མཚམས་འཇོགས་དགོས་པའི་དགོས་འདུན་བཏོན་ནས། བཞུགས་སྒར་རྡ་རམ་ས་ལར་གཙོས། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དང་། སུད་ཛར་ལེནཌ། བྷེལ་ཇིཡམ་སོགས་བོད་མི་གནས་སྡོད་བྱེད་ཡུལ་མང་པོར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་འདུག
* སྡེ་དགེ་དང་འབྲེལ་བའི་དེའི་སྔོན་གྱི་གནས་ཚུལ་ཁག ཟླ་གཉིས་བའི་ཚེས་༡༤ ཚེས་༢༠ ཚེས་༢༢ ཚེས་༢༤ ཚེས་༢༥
གསར་འགོད་པ། ཨྱོན། ཀླུ་འབུམ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།