སྡེ་དགེ་ཕྱོགས་སུ་ཡང་བསྐྱར་བོད་མི་ཚོས་རྒྱ་ནག་གི་ལས་བྱེད་འབྱོར་སྐབས་ལས་གཞི་མཚམས་འཇོག་དགོས་བའི་ཞུ་འབོད་གནང་འདུག

བོད་ཤར་ཕྱོགས་ཁམས་སྡེ་དགེ་རྫོང་གི་དབོན་པོ་སྟོད་ཁུལ་དུ་རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་ཁང་གསར་རྒྱག་གི་ལས་གཞིའི་ཆེད་བཙན་ཤེད་ངང་ས་གནས་ཀྱི་གྲོང་སྡེ་དང་དགོན་པ་གནས་སྤོ་དགོས་པའི་བཙན་བཀའ་བཏང་བར་མང་ཚོགས་ཀྱིས་གཟའ་འཁོར་སྔོན་མར་ངོ་རྒོལ་བྱས་ཡོད་ཅིང་། སླར་ཡང་ཕྱི་ཟླ་༢ཚེས་༢༠རེས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་འབྲེལ་གྱི་ལས་བྱེད་དབོན་ཐོག་གྲོང་ཚོའི་ཡེ་ན་དགོན་དུ་འབྱོར་སྐབས་དགེ་འདུན་པ་དང་ས་གནས་མང་ཚོགས་ཀྱིས་ལས་གཞི་མཚམས་འཇོག་ཡོང་རྒྱུར་ཞུ་བ་འཐེན་པའི་གནས་ཚུལ་བྱུང་འདུག
འདི་ག་རླུང་འཕྲིན་ཁང་ལ་བོད་ནས་འབྱོར་བའི་བརྙན་པར་ནང་གསལ་བར་གཞིགས་ན། གཞུང་ཕྱོགས་ཀྱི་ལས་བྱེད་པ་དགོན་པར་འབྱོར་པའི་སྐབས་དགེ་འདུན་པ་ཞིག་གིས་སྔོན་ལ་ལག་གཉིས་ཀྱི་ཐེབ་མོ་བསྟན་པ་དང་པུས་མོ་ས་ལ་བཙུགས་ཏེ་ཞུ་འབོད་བྱས་སྐབས། ཉེ་འཁོར་ལ་ཡོད་པའི་དགེ་འདུན་པ་དང་ས་གནས་མང་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་གཞུང་ཕྱོགས་ཀྱི་ལས་བྱེད་པའི་མདུན་པུས་མོ་ས་ལ་བཙུགས་ཏེ་ལས་གཞི་མཚམས་འཇོག་ཡོང་བའི་ངུ་འབོད་དང་ཞུ་བ་འཐེན་བཞིན་པ་ཁ་གསལ་མཐོང་རྒྱུ་འདུག་ཅིང་། གནས་ཚུལ་འདིའི་ཐད་རྒྱུས་མངའ་ཆེན་པོ་ཡོད་མཁན་བཙན་བྱོལ་ནང་ཡོད་པ་མིང་འབོད་བྱེད་འདོད་མེད་པའི་མི་སྣ་ཞིག་གིས། འདི་ནི་ཆུ་མཛོད་ཀྱི་ལས་གཞི་ཆེན་པོ་འདི་སྤེལ་ཡུལ་ཁུལ་དུ་ཆགས་པའི་དབོན་ཐོག་གྲོང་ཚོའི་ཡེ་ན་དགོན་དུ་ཡིན་པ་བརྗོད་བྱུང་ལ། མི་སྣ་དེས་མུ་འཐུད་འགྲེལ་བརྗོད་བྱས་པར་གཞིགས་ན། ཕྱི་ཟླ་༢ཚེས་༢༠ཉིན་གཞུང་ཕྱོགས་ཀྱི་འབྲེལ་ཡོད་མི་སྣ་དང་ཉེན་རྟོག་དམག་མི་ས་ཁུལ་དེར་འབྱོར་ནས་དགོན་པ་གཏོར་དགོས་པའི་སྐོར་གླེང་ཡོད་འདུག་ཅིང་། མི་དམངས་ཀྱིས་དགོན་པ་གཏོར་མི་རུང་བའི་ཞུ་བ་འཐེན་ན་ཡང་ཉན་འཇོག་མ་བྱས་པར་བརྟེན་རིམ་པས་གནས་སྟངས་ཛ་དྲག་ཅན་ཞིག་ཏུ་འགྱུར་སྲིད་པ་ཡིན་པ་བརྗོད་བྱུང་ལ། འདིའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཞིབ་ཕྲའི་གནས་ཚུལ་མུ་མཐུད་དུ་རྩད་གཅོད་བྱེད་བཞིན་ཡོད།
རྒྱ་ནག་གཞུང་གིས་སྡེ་དགེ་རྫོང་ཁོངས་བརྒྱུད་པའི་འབྲི་ཆུའི་ཐོག་ཆུ་མཛོད་བརྒྱབ་ནས་ཆུ་ཤུགས་གློག་ཁང་གསར་རྒྱག་གི་ལས་གཞི་དེ་ནི་ལོ་མང་གོང་ནས་འཆར་གཞི་ཡོད་པ་ཞིག་ཡིན་ཞིང་། ད་ཆ་ལས་གཞི་དེ་དངོས་སུ་ལག་བསྟར་འགོ་འཛུགས་བྱས་འདུག་པ་དང་། སྡེ་དགེ་རྫོང་དབོན་པོ་སྟོད་ཕྱོགས་སུ་ཤང་ཁག་གཉིས་༼གྲོང་སྡེ་ཁག་གཉིས་༽དང་དགོན་ཁག་དྲུག་ཡོད་པ་དེ་དག་ས་གནས་གཞན་ལ་གནས་སྤོས་དགོས་པ་ས་གནས་རྒྱ་ནག་སྲིད་གཞུང་གིས་བཙན་བཀའ་བཏང་བའི་རྐྱེན་གྱིས། གཟའ་འཁོར་སྔོན་མ་ཕྱི་ཟླ་༢བའི་ཚེས་༡༤ཉིན་ས་གནས་ཀྱི་ཡུལ་མི་མང་པོ་ཞིག་སྡེ་དགེ་རྫོང་མི་དམངས་སྲིད་གཞུང་གི་སྒོ་འགྲམ་དུ་འདུ་འཛོམས་ཀྱིས་ལས་གཞི་དེ་འཕྲལ་དུ་མཚམས་འཇོག་དགོས་པའི་ཞུ་འབོད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།
གསར་འགོད་པ། དཔལ་འབར།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།