ཧྥ་རན་སི་དང་བྷེལ་ཇིཡམ་བཅས་སུ་སྡེ་དགེ་ཕྱོགས་ཀྱི་དཀའ་ངལ་དང་འབྲེལ་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་འདུག

2024.02.29
ཧྥ་རན་སི་དང་བྷེལ་ཇིཡམ་བཅས་སུ་སྡེ་དགེ་ཕྱོགས་ཀྱི་དཀའ་ངལ་དང་འབྲེལ་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་འདུག ཧྥ་རན་སིའི་ནང་སྡེ་དགེ་ཕྱོགས་ཀྱི་དཀའ་ངལ་དང་འབྲེལ་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་སྐབས། ༠༢།༢༩།༢༠༢༤
མཐུན་འགྱུར་པར་རིས།/RFA

ཁམས་སྡེ་དགེ་རྫོང་ཁོངས་ཀྱི་འབྲི་ཆུའི་རྒྱུད་དུ་རྒྱ་ནག་གཞུང་གིས་སྐམ་ཐོག་ཆུ་མཛོད་གློག་ཁང་གསར་རྒྱག་ཆེད་དེ་ཁུལ་གྱི་གྲོང་ཚོ་དང་དགོན་སྡེ་ཁག་ཅིག་གནས་སྤོར་བྱེད་དགོས་བའི་བཙན་བཀའ་བཏང་ཡོད་པ་དང་། གནས་སྤོར་བྱེད་འདོད་མེད་པ་དང་ལས་གཞི་དེ་ལ་ཞི་བའི་ངོ་རྒོལ་བྱེད་མཁན་བོད་མི་མང་པོ་ཞིག་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་བའི་གནས་ཚུལ་འབྱུང་བཞིན་པར། འདི་ཚེས་༢༩ཉིན་ཧྥ་རན་སུའི་རྒྱལ་ས་ཕ་རེ་སི་རུ་བོད་མི་བརྒྱ་ཕྲག་ཁ་ཤས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ལ་འཛོམས་ནས། སྡེ་དགེའི་མི་མང་ལ་གདུང་སེམས་མཉམ་སྐྱེས་དང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། ཧྥ་རན་སིའི་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་ཀརྨ་འཕྲིན་ལས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་རེས་ཀྱི་ལས་འགུལ་འདི་ནི་ས་གནས་བོད་རིགས་ཚོགས་པ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། ཆུ་བཞི་སྒང་དྲུག མདོ་སྨད་ཚོགས་པ། དབུས་གཙང་ཚོགས་པ། གཞོན་ནུ་ཚོགས་པ་བཅས་ཚོགས་པ་ཁག་ཚང་མས་མཉམ་དུ་གོ་སྒྲིག་གནང་བ་དང་། གཙོ་བོ་རྒྱ་ནག་གཞུང་ལ་ངོ་རྒོལ་དང་འབྲེལ་སྐབས་སུ་བབ་པ་སྡེ་དགེ་རྫོང་ཁོངས་ནས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་བའི་བོད་མི་ཞུ་འབོད་པ་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་བ་དང་། ཁུལ་དེར་ཆུ་མཛོད་གློག་ཁང་གསར་རྒྱག་བྱེད་རྒྱུ་མཚམས་འཇོག་དགོས་བ་སོགས་ཀྱི་དགོས་འདུན་འདོན་བཞིན་པ་དང་། རིམ་པས་ཚོགས་པ་ཁག་མཉམ་རུབ་ཀྱིས་ཧྥ་རན་སིའི་གཞུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་ཁུངས་བཅས་ལ་ད་ལྟའི་སྡེ་དགེ་ཕྱོགས་ཀྱི་དཀའ་ངལ་གནས་སྟངས་ཁག་ངོ་སྤྲོད་དང་ཞུ་གཏུག་གནང་འཆར་ཡོད་པ་རེད་འདུག

429823564_10160641664674724_7263532779729305862_n.jpg
སྐབས་དེར་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་པ་བོད་མི་མང་སྤྱི་འཐུས་ཚ་ཁོ་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་རེས་སྡེ་དགེ་ཕྱོགས་ཀྱི་ས་གནས་ཞི་བའི་མི་མང་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་བྱས་བ་ལ་ངོ་རྒོལ་ཡོད། རྒྱ་ནག་གི་ཉེན་རྟོག་པས་བོད་མི་ཆིག་སྟོང་ལྷག་འཛིན་བཟུང་བྱས་བ་རྣམས་ཆ་རྐྱེན་གང་ཡང་མེད་པར་གང་མགྱོགས་གློད་གྲོལ་གཏོང་དགོས། ད་ལྟའི་དཀའ་རྙོག་དེ་ཆུ་མཛོད་གློག་ཁང་གསར་རྒྱག་བྱེད་འཆར་ལ་བརྟེན་ནས་ཡོང་གི་ཡོད་པར་བརྟེན་ཁུལ་དེར་ཆུ་མཛོད་གློག་ཁང་གསར་རྒྱག་གི་ལས་གཞི་མཚམས་འཇོག་དགོས་བའི་དགོས་འདུན་འདོན་བཞིན་པ་གསུངས་བྱུང་།
དེ་བཞིན་འདི་ཚེས་༢༩ཉིན་བྷེལ་ཇིཡམ་དུ་ཡང་གཅིག་མཚུངས་བོད་མི་མང་པོ་འདུ་འཛོམས་ཀྱིས་སྡེ་དགེ་ནས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་བའི་བོད་མི་རྣམས་གློད་གྲོལ་དགོས་བ་དང་། ཁུལ་དེར་ཆུ་མཛོད་གློག་ཁང་རྒྱག་རྒྱུ་མཚམས་འཇོག་དགོས་བའི་དགོས་འདུན་བཏོན་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།

གོང་བརྗོད་སྡེ་དགེ་ཕྱོགས་ཀྱི་གནས་ཚུལ་ཐད་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་གནང་འདུག་ལ། དེ་བཞིན་ཨ་རི་དང་ཁེ་ཎ་ཌའི་ཕྱི་སྲིད་ལས་ཁུངས། བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་དང་འབྲེལ། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཨ་རི་དང་ཡོ་རོབ་སོགས་ནུབ་ཕྱོགས་ཡུལ་གྲུ་ཁག་ནང་གི་རྒྱ་ནག་གཞུང་ཚབ་མདུན་གཙོས་ས་གནས་གང་སར་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་དང་སྤེལ་མུས་རེད་འདུག


གསར་འགོད་པ། བཀྲ་ཤིས་དབང་ཕྱུག ཀླུ་འབུམ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎