ལྷོ་ཀོ་རི་ཡས་མཛད་སྤྱོད་པའི་མི་སྒེར་གྱི་གནས་ཚུལ་ལ་ཉེན་ཁ་ཡོད་པར་དོགས་ནས་རྒྱ་ནག་གི་མིས་བཟོས་རིག་ནུས་བཀག་སྡོམ་བྱས་འདུག
ལྷོ་ཀོ་རི་ཡའི་མི་སྒེར་གྱི་གནས་ཚུལ་སྲུང་སྐྱོབ་ལྟ་ཞིབ་ཁང་གི་གནས་ཚུལ་ལྟར་ན། ལྷོ་ཀོ་རི་ཡས་རྒྱ་ནག་གིས་བཟོས་བའི་མིས་བཟོས་རིག་ནུས་ཊིབ་སིག་(DeepSeek)་མ་ལག་གསར་པ་མཉེན་ཆས་མཛོད་ཁང་ནས་ཕྱེར་འཐེན་དང་ཕབ་ལེན་བྱེད་རྒྱུ་བཀག་འགོག་བྱས་ཡོད་པ་དང་། གཞུང་འབྲེལ་ལས་ཁུངས་དེས་རྒྱལ་ཁབ་ནང་གི་སྒེར་གནས་སྲུང་སྐྱོབ་ཁྲིམས་སྒྲིག་དང་མཐུན་པར་ལེགས་བཅོས་དང་བཟོ་བཅོས་བྱས་རྗེས། མ་ལག་འདི་སླར་ཡང་ལྷོ་ཀོ་རི་ཡའི་མཛད་སྤྱོད་མཁན་ཚོར་སྤྱོད་རྒྱུ་ཡོད་པ་ཡོང་རྒྱུ་རེད་ཅེས་བརྗོད་འདུག
ཊིབ་སིག་(DeepSeek)མིས་བཟོས་རིག་ནུས་མ་ལག་དེ་ཉིད་འཛམ་གླིང་གི་གསར་འགྱུར་ནང་ཐོན་རྗེས་བདུན་ཕྲག་གཅིག་གི་ནང་། ལྷོ་ཀོ་རི་ཡའི་ནང་ཧ་ཅང་དར་ཁྱབ་ཆེན་པོ་བྱུང་སྟེ་མཉེན་ཆས་མཛོད་ཁང་གི་རྩེ་རུ་སླེབས་ཏེ། བདུན་ཕྲག་རེར་བེད་སྤྱོད་བྱེད་མཁན་མི་གྲངས་ས་ཡ་གཅིག་བརྒལ་བ་བྱུང་འདུག འོན་ཀྱང་དེ་དར་ཁྱབ་ཆེ་རུ་ཕྱིན་པ་དེས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་ཁག་གིས་དོ་སྣང་བྱུང་སྟེ། སྒེར་གྱི་གནས་ཚུལ་དང་རྒྱལ་ཁབ་བདེ་འཇགས་བཅས་ལ་ཉེན་ཁ་ཡོད་པའི་སེམས་ཚབས་བྱུང་བ་ལ་བརྟེན་ནས་རྒྱལ་ཁབ་ཁག་ཅིག་གིས་མ་ལག་དེ་བཀག་སྡོམ་བྱས་ཡོད་པ་རེད།
རྒྱ་ནག་གི་མིས་བཟོས་རིག་ནུས་ཊིབ་སིག(DeepSeek)་ཟེར་བ་དེས་རྒྱལ་སྤྱིའི་ཁྲོད་བོད་དོན་སོགས་ལ་ལོག་འགྲེལ་ཁྱབ་སྤེལ་གྱི་ཉེན་ཁ་ཆེན་པོ་ཡོད་པ་ཉམས་ཞིབ་པ་ཚོས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་ཡོད།།
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།