རྒྱ་ནག་གི་རིག་ནུས་ (DeepSeek) ཟེར་བ་དེས་རྒྱལ་སྤྱིའི་ཁྲོད་བོད་དོན་སོགས་ལོག་འགྲེལ་ཁྱབ་སྤེལ་གྱི་ཉེན་ཁ་ཆེན་པོ་ཡོད་པ། ཉམས་ཞིབ་པ་ཚོས་ངོས་འཛིན་གནང་གི་འདུག
* ཚེས་༢༩ཉིན་གནས་ཚུལ་ཁ་སྣོན་བྱས་ཡོད།
ཉེ་ལམ་རྒྱ་ནག་གི་ཧང་ཀྲུ་དང་པེ་ཅིན་བཅས་སུ་རྟེན་གཞི་བྱས་པའི་བཅོས་མའི་རིག་ནུས་གསར་པ་ (DeepSeek) ཟེར་བ་དེ་རྒྱལ་སྤྱིའི་སྤྱི་ཚོགས་སུ་བཀྲམས་མ་ཐག འཕྲུལ་ལས་དང་རིག་ནུས་ཀྱི་བཟོ་ཚོང་ཁང་མང་པོར་དོགས་འདྲོགས་དང་སྦིར་གྲགས་ཧ་ཅང་ཆེན་པོ་འབྱུང་བཞིན་པ་དང་མཚུངས། རིག་ནུས་གསར་པ་དེར་རྟོག་དཔྱོད་དང་བཀོལ་སྤྱོད་སྐབས། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ཚོར་བ་སྐྱེན་པའི་བོད་དང་གནམ་བདེ་སྒོ་མོ་ཆེའི་སློབ་ཕྲུག་གི་མང་གཙོ་ལས་འགུལ་སོགས། རྒྱ་ནག་གཞུང་གི་ལངས་ཕྱོགས་ལྟར་དཔེར་ན། བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་ལུགས་ཀྱི་འགྲེལ་བཤད་བྱེད་པ་མ་ཟད། ཆབ་སྲིད་ཀྱི་གནད་དོན་གལ་ཆེན་མང་པོ་ཞིག་ལ་འགྲེལ་བཤད་བྱ་རྒྱུར་དང་ལེན་བྱེད་ཀྱི་མེད་པ་སོགས་ཀྱིས། གལ་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་སུ་འགྲེལ་བཤད་ལོག་པ་དེ་རིགས་རྒྱ་ཡན་དུ་ཤུགས་ཆེ་ཁྱབ་འཕེལ་ཕྱིན་པ་ཡིན་ན། ང་ཚོའི་ལོ་རྒྱུས་ཀྱི་གནས་བབ་དང་བསམ་བློ་གཏོང་ཕྱོགས། སྤྱི་ཚོགས་ཀྱི་ཁ་ཕྱོགས་ཚང་མ་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ལམ་ལུགས་ལྟར་འགྲོ་ངེས་ཡིན་པར་བརྟེན། ཧ་མི་གོ་བ་མང་པོ་ཞིག་གིས་ཡིན་ཤག་བྱེད་སྲིད་པའི་ཉེན་ཁ་ཆེན་པོ་ཡོད་སྐོར། སྨོན་ལམ་རིག་ནུས་བཟོ་སྐྲུན་པ་དགེ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། རྒྱ་ནག་གི་མིས་བཟོས་རིག་ནུས་(DeepSeek)་ཞེས་པའི་ནང་། བོད་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། ཡུ་གུར། ཧོང་ཀོང་ལ་སོགས་ཐད་གནས་ཚུལ་ཁོངས་དག་བདེན་པ་སྤྲོད་ཀྱི་མེད་པ་དེ་མངོན་གསལ་དོད་པོ་རེད། གང་ཡིན་ཞེ་ན། རྒྱ་ནག་གིས་བོད་དང་། ཡུ་གུར། ཧོང་ཀོང་བཅས་ཀྱི་བདེན་པའི་གནས་ཚུལ་རྒྱལ་སྤྱིའི་ཐོག་ཁྱབ་སྤེལ་མི་ཡོང་བ་དང་འགོག་རྐྱེན་བཟོ་བཞིན་པའི་གནས་སྟངས་རེད། དེ་ཙམ་མ་ཡིན་པར་རྒྱ་ནག་གཞུང་གིས་འཁྱོག་བཤད་གནས་ཚུལ་དེ་དག་དེའི་ནང་འགྲེམས་སྤེལ་བྱས་ནས། གནས་ཚུལ་དངོས་ཕྱིར་འཐེན་དང་། རྒྱ་ནག་གི་ལྟ་བ་སྡིངས་ཆ་དེ་བརྒྱུད་ནས་འགྲེམ་སྤེལ་བྱེད་པ་དེ་ཉེན་ཁ་ཆེན་པོ་ཞིག་ཆགས་ཡོད་པ་རེད། སྤྱི་ཡོངས་ཀྱི་ཆ་ནས་བོད་ཐེ་བའི་གནས་ཚུལ་ག་འདྲ་ཡིན་ན་ཁོངས་སྐྱེལ་ར་སྤྲོད་ཐུབ་པའི་སྒོ་ནས་བཤད་པ་ཡིན་ན། ཚང་མར་ཕན་ཐོགས་པ་ཞིག་རེད་དེ། ཡིན་ནའང་རྒྱ་ནག་ནང་དམིགས་བསལ་སྤེལ་བའི་མཉེན་ཆས་དེས་རྒྱ་ནག་གཞུང་ལ་ཕན་ཐོགས་སྒྲུབ་པ་དང་རྒྱ་ནག་གི་ལངས་ཕྱོགས་ལྟར་བྱེད་ཀྱིན་ཡོད་དུས་དེ་ཏག་ཏག་བསྡད་མེད་པ་གསལ་པོ་རེད། བདེན་པ་འབྲི་གི་མེད་པ་དེའང་གསལ་པོ་རེད། དེར་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཁུངས་སྐྱེལ་ར་སྤྲོད་ཐོག་གདོང་ལེན་བྱེད་རྒྱུ་གལ་ཆེན་པོར་མཐོང་གི་འདུག་ཅེས་གསུང་བྱུང་།

ཡང་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འཕྲུལ་ལས་རིག་པའི་འགན་འཛིན། སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་ལགས་ཀྱིས་འགྲེལ་བརྗོད་གནང་དོན་ལ། ནམ་རྒྱུན་དྲ་ཐོག་ནས་གནས་ཚུལ་འཚོལ་བ་དང་ལོ་རྒྱུས་ལྟ་བུ་ཅི་ཞིག་ལ་བལྟས་ཀྱང་། རྒྱུ་ཆ་མི་འདྲ་བ་མང་པོར་བལྟས་ཏེ་ཐ་མའི་ཐག་གཅོད་སོ་སོས་གནང་ཆོག་གི་ཡོད་ནའང་། སྐབས་དེར་རིག་ནུས་ཀྱིས་ལན་འདེབས་བྱས་པའི་རིགས་ལ་མི་ཕལ་མོ་ཞིག་གིས་བདེན་པ་ཡིན་ཤག་ཤག་གནང་གི་ཡོད་པར་བརྟེན། རྒྱ་ནག་གི་རིག་ནུས་ (DeepSeek) ཟེར་བའི་རིགས་བཀོལ་སྤྱོད་མང་དུ་སོང་ན། རིག་ནུས་དེའི་འགྲེལ་བཤད་རྒྱལ་སྤྱིའི་སྟེང་བདེན་པར་ངོས་འཛིན་བྱེད་མཁན་ཇེ་མང་དུ་འགྲོ་རྒྱུའི་ཉེན་ཁ་འདུག་ཅེས་གསུངས་བྱུང་།
གཞན་མིས་བཟོས་རིག་ནུས་བཅར་འདྲིའི་གྲ་སྒྲིག་མ་ལག་(Boterview)་ཡི་འགན་འཛིན་(Nathan Brunner)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ངས་རྒྱ་ནག་གིས་བཟོས་བའི་མིས་བཟོས་རིག་ནུས་མ་ལག་(DeepSeek)་ཚོད་ལྟ་བྱས་སྐབས་ཧོན་འཐོར་དགོས་བྱུང་བ་ནི་དང་པོ་དེ་ནི་མ་ལག་དེའི་ནང་རྒྱ་ནག་དམར་ཤོག་གི་ལྟ་གྲུབ་ལ་ཕྱོགས་ཞེན་གང་འདྲ་ཡོད་མེད་དེ་རེད། དཔེར་ན། ངས་༡༩༨༩ལོའི་གནམ་བདེ་སྒོ་མོ་ཆེའི་དྲུག་བཞིའི་དོན་རྐྱེན་སྐོར་དང་ཡང་ན་ཐེ་ཝན་གྱི་གནས་བབ་ཐད་དྲིས་སྐབས། དྲི་བ་དེ་ལ་གཡོལ་ཐབས་བྱེད་པ་དང་ཡང་ན་རྒྱ་ནག་དམར་ཤོག་གི་ལྟ་གྲུབ་ལྟར་ལན་འདེབས་བྱེད་ཀྱི་འདུག དེ་བས་གལ་ཏེ་མཛད་སྤྱོད་པ་མི་སྒེར་བ་དང་ལས་ཁུངས་ཁག་གིས་མིས་བཟོས་རིག་ནུས་བེད་སྤྱོད་བྱེད་བཞིན་པ་དེ་(ChatGPT)་ནས་རྒྱ་ནག་གི་མ་ལག་(DeepSeek)་འདེམས་པ་ཡིན་ན་དེས་གོང་ལྟར་བེད་སྤྱོད་གཏོང་མཁན་རྣམས་ལ་ཤུགས་རྐྱེན་ཐེབས་སྲིད་པ་རེད། དཔེར་ན། བོད་ཀྱི་སྐོར་ལ་བརྗོད་སྐབས་བོད་དེ་ནི་ལོ་རྒྱུས་དང་རིག་གཞུང་གང་ཅིའི་ཐད་ནས་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པར་བརྗོད་བཞིན་པ་ལྟ་བུ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
རྩ་བའི་ཕྱི་ལོ་ ༢༠༢༣ ལོར་རྒྱ་ནག་གི་ (DeepSeek) བཟོ་ཚོང་ཁང་གི་སྤྱི་གཉེར་བ་ (Liang Wenfeng) ནས་ཨ་མི་རི་ཀའི་སྒོར་མོ་ས་ཡ་ ༤ དང་འབུམ་ ༦ ཙམ་འགྲོ་གྲོན་བཏང་སྟེ་བཟོ་སྐྲུན་གྲུབ་པའི་རིག་ནུས་དེ་ནི། བཅོས་མའི་རིག་ནུས་མ་རྩ་ཆུང་ཤོས་བཏང་སྟེ་བཟོ་སྐྲུན་གྱི་གྲས་ཤིག་ཡིན་ནའང་། ནུབ་ཕྱོགས་ཀྱི་རིག་ནུས་གྲགས་ཅན་ཕལ་ཆེ་བའི་འགྲན་ཟླ་ཉེན་ཁ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པའི་ཁར། རྒྱ་ནག་གི་འགོ་ཁྲིད་ཚོའི་གནས་ཚུལ་དང་བོད་དོན་དང་རྒྱ་ནག་ནང་མང་གཙོའི་ལས་འགུལ། གྲངས་ཉུང་མི་རིགས་ཀྱི་གནད་དོན་སོགས་མང་དག་ཅིག་རྒྱ་ནག་གི་ལངས་ཕྱོགས་ལྟར་འགྲེལ་བ་དང་། ཡང་ན་གསལ་བཤད་མི་བྱེད་པ་སོགས་ཀྱི་གནད་དོན་ཐད། ནུབ་ཕྱོགས་ཀྱི་བཟོ་ཚོང་ལས་ཁང་ཧ་ཅང་མང་པོས་དོགས་གཞི་ཆེན་པོ་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།